༸གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་གྱུར་བར་གལ་གནད་ཆེན་པོ་ཆགས་ཡོད་པ།
༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཐུབ་པ་དེས།བོད་གཞུང་ཤུལ་མེད་དུ་མ་སོང་བར་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པའི་གལ་གནད་ཆེན་པོ་ཆགས་ཡོད་པར། ལོ་རྒྱུས་སྨྲ་བ་ཚོས་ངོས་འཛིན་གནང་གི་འདུག
- 2024-11-19
-
-
-
Your browser doesn’t support HTML5 audio
རྒྱ་ནག་དམར་པོའི་གཞུང་གིས་ ༡༩༤༩ ལོ་ནས་བོད་ནང་བཙན་འཛུལ་བྱ་འགོ་བཙུགས་པ་དང་། ལྷག་པར་ཕྱི་ལོ་ ༡༩༥༠ ཡི་ལོ་མཇུག་ཙམ་ནས་བོད་ཤར་ཕྱོགས་ཀྱི་གནས་སྟངས་ཛ་དྲག་དང་བོད་ཀྱི་རྒྱལ་ས་ལྷ་ས་ལའང་ཉེན་ཁ་ཆེན་པོ་བྱུང་བར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༦ ལས་ཕེབས་མེད་པ་དང་། ༸རྒྱལ་དབང་རིམ་བྱོན་གྱིས་ཆུང་ཤོས་དགུང་ལོ་ ༡༨ ཙམ་ནས་མ་གཏོགས་ཆོས་སྲིད་ལུགས་གཉིས་ཀྱི་འགན་ཁུར་བཞེས་ལམ་མེད་ནའང་། གནས་ཚུལ་ཐབས་སྡུག་དང་ཛ་དྲག ཆབ་སྲིད་སྐྱོང་སྟངས་ཉམས་རྒུད་དུ་གྱུར་ཏེ་མི་ཕལ་ཆེ་བས་འགན་དབང་ལ་གཡོལ་ཐབས་བྱེད་པའི་དུས་ཤིག་ཏུ་སླེབས་ཡོད་པས། ལྷ་དང་བླ་མའི་བཀའ་ལུང་དང་བཀའ་ཤག་གི་རེ་འདུན། ཚོགས་ཆེན་གྱི་རྒྱབ་གནོན་བཅས་ལ་གཡོལ་ཐབས་མེད་པར། ༡༩༥༠ ལོའི་ ཟླ་ ༡༡ ཚེས་ ༡༧ ཉིན་༸གོང་ས་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་འདི་ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་བར། ཁྱོན་ལོ་ངོ་ ༧༤ འཁོར་བཞིན་པའི་སྐབས་འདིར། མགོན་པོ་གང་གིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་དེས། རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཀྱང་བོད་གཞུང་ཤུལ་མེད་དུ་མ་སོང་བར་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པའི་གལ་གནད་ཆེན་པོ་ཆགས་ཡོད་པ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་འཕྲལ་ཕུགས་ཀྱི་དགེ་མཚན་ལ་དགོངས་པ་ཆེ་བཞེས་ཀྱིས། ༢༠༡༡ ལོར་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་ཀྱི་སྲིད་སྐྱོང་ལ་རྩིས་འབུལ་གནང་ཡོད་པས། དེའི་སྐོར་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་མཆོག་ཉིད་ཀྱི་ཞལ་ནས།“གནས་སྟངས་ཛ་དྲག་གི་རྐྱེན་པས་མགོན་པོ་གང་ཉིད་ཀྱིས་དགུང་ལོ་བཅུ་དྲུག་ནས་ཆབ་སྲིད་ཀྱི་འགན་ཁུར་བ་དེ། ༢༠༡༡ ལོར་ཆབ་སྲིད་ཀྱི་འགན་ཆ་ཚང་བཞག་ནས་ཆབ་སྲིད་ཀྱི་འགན་ནས་ངོས་རང་ཉིད་དགོངས་པ་ཞུས་པ་ཙམ་མ་ཟད། ལོ་བཞི་བརྒྱ་རིང་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཆབ་སྲིད་ཀྱི་འགན་བཞེས་རྒྱུ་མེད་པར་བཟོས་པ་དང་། ཕྱིན་ཆད་ཀྱང་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་གི་ཡོད་མེད་ཐེ་ཚོམ་རེད། དགོས་དང་མི་དགོས་མི་མང་གིས་ཐག་གཅོད་རྒྱུ་དང་གལ་སྲིད་དགོས་གལ་བྱུང་ནའང་། ཆབ་སྲིད་ཀྱི་འགན་འཁུར་རྒྱུ་ངེས་མེད་པར་བཟོས་ཚར་བ་རེད་ཅེས། ཝི་ཏི་ནམ་གྱི་ཆོས་ཞུ་བ་ཁག་ཅིག་ལ་བཀའ་སྩལ་གནང་མཛད་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ལོ་རྒྱུས་ནང་བོད་མི་རིགས་ཕལ་ཆེར་སྲོག་གནས་རུང་བླ་ཆད་བསྡད་པ་ལྟ་བུའི་གནས་སྟངས་དེར། ༸གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་དེས་བོད་མི་རིགས་ལ་བླ་འཕེལ་བ་དང་ཚེ་བསྲིངས་པ་ལྟ་བུ་ཞིག་ཆགས་ཡོད་པས། ཁོང་གི་མཛད་རྗེས་དེ་བོད་མི་རིགས་ཀྱིས་ནམ་རྒྱུན་དྲན་གསོ་དང་བཀའ་དྲིན་བསམ་ཤེས་དགོས་པ་མ་ཟད། ཆོས་སྲིད་ཀྱི་མཛད་འགན་བཞེས་པ་དེ་བོད་ཀྱི་ལོ་རྒྱུས་སྟེང་ཧ་ཅང་གལ་ཆེན་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
༸རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ནང་གསལ།“བོད་ཤར་ཕྱོགས་སུ་གནས་ཚུལ་ཛ་དྲག་ཅན་ཤིན་ཏུ་སྡུག་པོ་དེ་ལྟར་ཡོང་སྐབས་ལྷ་སར་བོད་གཞུང་ནས་ལྷ་དང༌བླ་མ་ཆེ་ཁག་ཚོར་སློབ་སྟོན་ཞུས་ཏེ། ཁོང་ཚོའི་བསླབ་བྱའི་ལམ་སྟོན་གྱིས་བཀའ་ཤག་ནས་བོད་ཀྱི་འགན་དབང་ཕྲན་ནས་འཛིན་དགོས་བརྗོད་བྱུང༌། ལྷ་བླའི་ལུང་བསྐུལ་དེ་ལྟར་བྱས་ན་ཡང༌།སྐབས་དེར་ང་ལོ་བཅུ་དྲུག་ལས་མ་སོན་ཞིང༌། ཆོས་ཀྱི་སློབ་གཉེར་བྱ་རྒྱུ་མང་པོ་བསྡད་ཡོད་པ་མ་ཟད། འཛམ་གླིང་གི་གནས་ཚུལ་ཤེས་རྒྱ་ཆུང་ཞིང༌།སྲིད་དོན་གྱི་ཉམས་མྱོང་གང་ཡང་མེད། དེར་བརྟེན་ངས་ཐོག་མར་བཀའ་ཤག་ལ་༸རྒྱལ་དབང་གོང་མས་ལུགས་གཉིས་འགན་བཞེས་དགུང་ལོ་བཅོ་བརྒྱད་ཙམ་ལ་བཞེས་པར་བརྟེན། ད་ལྟ་ལོ་ན་ཆུང་བས་འགན་འཁུར་མི་ཐུབ་ཚུལ་བརྗོད་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་སོ་སོའི་དབར་རྒྱལ་ཚབ་ཀྱི་དུས་ཡུན་རིང་པོར་ང་ཚོའི་གཞུང་གི་ཆབ་སྲིད་ཉམས་དམས་སུ་ཕྱིན་ཡོད་པ་དང༌། ཕྲན་ལོ་ན་ཆུང་སྐབས་ང་ཚོའི་གཞུང་ནང་མི་མཐུན་པའི་གནས་ཚུལ་བྱུང་ཞིང༌།ཆབ་སྲིད་སྐྱོང་སྟངས་ཀྱང་ཉམས་རྒུད་གྱུར་ཏེ་མི་ཕལ་ཆེ་བས་འགན་དབང་ལ་གཡོལ་ཐབས་བྱེད་པའི་དུས་ཤིག་ཏུ་སླེབས་ཡོད། ད་ཆ་བཙན་འཛུལ་གྱི་ཉེན་ཁའི་འོག་ང་ཚོའི་ཆིག་བསྒྲིལ་དགོས་མཁོ་སྔར་ལས་ཆེ་བ་བྱུང་བ་དང༌། ཡུལ་མི་ཚང་མས་མོས་བཀུར་བྱེད་ཡུལ་ནི་ཕྲན་ཙམ་ཡིན། ཕྲན་ནས་ཐེ་ཚོམ་བྱས་པར་བརྟེན་ཚོགས་ཆེན་ཚོགས་ཤིང༌། བཀའ་ཤག་གི་རེ་འདུན་ལ་ཚོགས་ཆེན་ནས་རྒྱབ་གནོན་བྱས་པར་བརྟེན། ང་ཚོའི་རྒྱལ་རབས་ནང་གི་གནས་ཚུལ་ཉེན་འགན་ཅན་དེ་འདྲའི་སྐབས་རང་གི་འགན་འཁུར་དང་དུ་མ་བླངས་པར་འཇོག་ཐབས་མ་བྱུང་”ཞེས་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།