༧གོང་ས་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་མཛད་ཡོད་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་མཛད་འདུག
-
2017-12-19 -
-
-
Your browser doesn’t support HTML5 audio
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་མཛད་འདུག
སྦེལ་ཀོབ་ཁོངས་ཀྱི་སེར་སྐྱ་མི་དམངས་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ཞིང་གུས་པའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེར་རྭ་ཚོགས་ཆེན་དུ་ཞབས་སོར་འཁོད་སྐབས་ཀྱི་ཕེབས་བསུའི་རྟེན་གྱི་འབྲེལ་མཛད་སྒོའི་སྐབས་༧གོང་ས་༧སྐྱབས་མགོན་མཆོག་ནས་གང་ཉིད་བར་སྐབས་མོན་གྷོར་༧སྐུ་ཐང་འཕྲན་བུ་གཉེལ་བ་ལྟ་བུ་བྱུང་ན་ཡང་། ད་ཆ་༧སྐུ་ཁམས་གསལ་དྭངས་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྷག་པར་དུ་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་རིང་བདག་སྲུང་གཅེས་འཛིན་བྱེད་པའི་དཔལ་ན་ལེནྜའི་རིག་གཞུང་འདི་ནི་འཛམ་གླིང་ནང་ཕན་བདེ་བསྐྲུན་ནུས་པ་ཞིག་ཡིན་སྟབས་ངེས་པར་དུ་དེ་མུ་འཐུད་བདག་ཉར་དང་གཞན་གྱིས་མཉམ་སྤྱོད་བྱེད་ཐུབ་པ་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་བཀའ་གནང་འདུག
སང་ཉིན་ཕྱི་ཚེས་ ༢༠ ཉིན་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་གྱི་བཀའ་དབང་སྩོལ་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་སེར་སྨད་གྲྭ་ཚང་གི་ཆོས་རྭ་གསར་པའི་དབུ་འབྱེད་རབ་གནས་ཐོག་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༢༢ སྔ་དྲོ་ ཆོས་ལུགས་ལ་མ་རྟེན་པའི་ཡ་རབས་སྤྱོད་བཟང་སློབ་འཁྲིད་བྱ་རྒྱུར་གཟབ་སྦྱོང་ཐོབ་པའི་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་ཚོར་མཇལ་ཁ་བཀའ་སློབ་དང་། གདན་ས་བཀྲིས་ལྷུན་པོར་གནས་གཟིགས། དེ་ནས་སྔ་བསྒྱུར་རྙིང་དགོན་རྣམ་གྲོལ་གླིང་དགོན་པའི་དགེ་འདུན་པ་སློབ་པ་མཐར་སོན་གྱི་མཛད་སྒོའི་དབུ་མགོན་དུ་ཚོགས་ཕེབས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།