༧གོང་ས་མཆོག་ནས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་མཛད་འཕྲིན་སྐྱོང་བཞིན་པ།

༧གོང་ས་མཆོག་ནས་དེ་རིང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་དབྱིན་ལེན་ཁུལ་གནས་སྡོད་བོད་མི་ཚོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུ་བཞིན་པའི་རྣམ་པ། གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་གཟའ་སྤེན་པའི་སྔ་དྲོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་དབྱིན་ལེན་ཁུལ་གནས་སྡོད་བོད་མི་ཚོར་མང་མཇལ་བཀའ་སློབ་སྩལ་གནང་མཛད་འདུག། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བ་ Oxford དང་ Cambridge མཐོ་སློབ་ཁག་གི་མཛད་འཆར་གྲུབ་སྟེ། ཁ་སང་ཕྱི་ཚེས་ ༡༨ ཉིན་ལོན་ཌོན་དུ་ཞབས་སོར་འཁོད་ཡོད་པ་རེད།
ད་ལྟ་གསར་འགྱུར་འདི་ཞུ་བཞིན་པའི་སྐབས་དབྱིན་ཇིའི་རྒྱལ་སའི་ Norwich ས་ཁུལ་དུ་ཡོད་པའི་ O2 རྩེད་ཐང་ཆེན་མོ་དེའི་ནང་མང་ཚོགས་ལ་སྙིང་རྗེ་ནི་བདེ་སྐྱིད་ཀྱི་གཞི་རྩ་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་བཞིན་ཡོད་པ་རེད།  རྩེད་ཐང་ཆེན་མོ་འདིའི་བཤོང་ཚད་མི་གྲངས་ཉི་ཁྲི་ཙམ་ཡིན་འདུག་ཅིང་། རྩེད་ཐང་ཡོངས་རྫོགས་ཁེངས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག།
དབྱིན་ཇིའི་ The Guardians གསར་ཤོག་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་གྱི་ཆིབས་བསྒྱུར་དང་འབྲེལ་བའི་རྩོམ་ཡིག་རིང་པོ་ཞིག་བྲིས་འདུག་པ་དེའི་ནང་། ཏཱ་ལའི་བླ་མ་མཆོག་ནས་ O2 རྩེད་ཐང་ནང་བྱམས་པ་དང་སྙིང་རྗེ། ཀུན་ཁྱབ་འགན་འཁུར། འཆམ་མཐུན། བཟོད་སྲན་དང་ཞི་བདེའི་སྐོར་བཀའ་སློབ་གནང་སྐབས་བཀའ་སློབ་སུ་བཅར་བའི་ནང་པ་དང་ནང་པ་མ་ཡིན་པ་ཚང་མས་དགའ་མོས་ཧ་ཅང་ཆེན་པོ་ཞུ་གི་རེད་ཅེས་དང་། Guardian གསར་ལས་ཁང་གིས་ Christine Pitt ཟེར་བའི་ཡོ་གའི་དགེ་རྒན་ཞིག་གི་བསམ་ཚུལ་བཀོད་འདུག་པ་དེའི་ནང་། ངོས་རང་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་སུ་བཅར་སྐབས་ཀུན་མདུན་གྱི་སྙིང་པོ་ཞིག་དང་། ཁོང་གི་ནུས་པ་དང་ནང་གི་ཞི་བདེའི་ཡོན་ཏན་གྱི་ཆ་འཕྲན་བུ་ཙམ་ཚོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་རང་ནང་པ་ཞིག་མིན་ལ་ཆོས་ལུགས་གང་གི་ཡང་རྗེས་འབྲངས་ཤིག་མིན། འོན་ཀྱང་ནང་པའི་ལྟ་གྲུབ་དང་མཐུན་པའི་མི་ཚེ་སྐྱེལ་མཁན་ཞིག་ཡིན་ཅེས་བརྗོད་འདུག།
སང་ཉིན་ཕྱི་ཚེས་ ༢༠ ཉིན་ཡང་ལོན་ཌོན་གྱི་ཚོགས་ཁང་ཆེན་མོ་གཞན་ཞིག་གི་ནང་འཚེ་མེད་ཞི་བ། རྒྱ་གར་གྱིས་འཛམ་གླིང་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཡོངས་རྫོགས་ཀྱི་འཐུས་མི་ཡོད་པའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།

 

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

མཛད་འཕྲིན་སྐོར་ཞིབ་ཕྲ་འདི་གའི་་ཆེད་གཏོང་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ ཀྱིས་ས་གནས་ནས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

གསར་འགོད་པ་ཚེ་དབང་ནོར་བུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org