ཆོས་སློབ་སྦྱོང་བྱེད་དགོས།

བོད་མི་ཞིག་ཡིན་ཕྱིན་ཆད། སོ་སོའི་སྐད་ཡིག་དང་། ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེར་དོ་སྣང་དང་། གང་ཐུབ་བདག་པོ་རྒྱག་དགོས།

༧གོང་ས་མཆོག་ནས་ཀེན་ཊ་ཀི་ཁུལ་གྱི་བོད་མིར་ལམ་སྟོན་བཀའ་སློབ་གནང་བ།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་༢༠ཉིན་ ཀེན་ཊ་ཀི་ཁུལ་གྱི་བོད་མིར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་འདུག    དེ་ཡང་ང་ཚོའི་ཆེད་གཉེར་གསར་འགོད་པ་ལྕགས་མོ་འཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལྟར་ན།    སྐབས་དེར་༧གོང་ས་མཆོག་ནས་དེར་བསྡུས་བོད་མི་རྣམས་ལ་ལམ་སྟོན་བཀའ་སློབ་གནང་སྐབས།    བོད་མི་ཞིག་ཡིན་ཕྱིན་ཆད།    སོ་སོའི་སྐད་ཡིག་དང་།    དེ་དང་འབྲེལ་བའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེར་དོ་སྣང་དང་།    གང་ཐུབ་བདག་པོ་རྒྱག་དགོས།    ཅེས་དང་།    ཡང་བདག་པོ་རྒྱག་དགོས་ཟེར་བ་དེ།    རང་ཁྱིམ་དུ་སྐུ་གསུང་ཐུགས་རྟེན་སྒྲིག་པ་ལ་མ་ཡིན་པར།    ཆོས་སློབ་སྦྱོང་བྱ་རྒྱུར་ཟེར་གྱི་ཡོད་ཅེས་བཀའ་གནང་འདུག    ༧གོང་ས་མཆོག་ནས་ད་དུང་།    བོད་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་གང་འདྲ་ཕྱིན་ཡོད་མིན་ལ་ལྟོས་མེད།    བོད་མི་ཡོངས་ཀྱི་བརྒྱུད་ལ་གངས་ཅན་པ་ཞེས་བོད་པ་ཞིག་ཡིན་པའི་བསམ་བློན་ཡོད་པ་དེ།    བོད་པའི་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡོང་གི་ཡོད་པ་དང་།    བོད་མི་རྣམས་རྡོག་རྩ་ཆིག་བསྒྲིལ་ངང་གནས་པ་དེ་ཡང་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡིན་སྐོར་བཀའ་གནང་བ་དང་འབྲེལ།    བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་དང་།    དེ་དག་གང་ལ་བརྟེན་པའི་བོད་ཀྱི་སྐད་ཡིག་བདག་པོ་རྒྱག་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org