༧གོང་ས་མཆོག་གིས་བགྲོ་གླེང་ལྷན་ཚོགས་ཤིག་ཏུ་དབུ་ཞུགས།

༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་དུ་དྲན་པ་ཉེར་གཞག་གི་བགྲོ་གླེང་ལྷན་ཚོགས་སུ་དབུ་ཞུགས་བཀའ་སློབ་སྩལ་གནང་མཛད་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཚེས་༢༤ཉིན་ཨ་རིའི་མི་ཎི་སོ་ཊ་མངའ་སྡེའི་རོ་ཆེསི་ཀྲར་ཁུལ་གྱི་མེ་ཡོ་(Mayo Clinic)སྨན་ཁང་དུ་དྲན་པ་ཉེར་གཞག་གི་བགྲོ་གླེང་ལྷན་ཚོགས་སུ་དབུ་ཞུགས་བཀའ་སློབ་སྩལ་གནང་མཛད་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་ས་མི་ནི་སོ་ཀྲ་མངའ་སྡེའི་རོ་ཆེསི་ཀྲར་ཁུལ་ཞབས་སོར་འཁོད་སྐབས་ ཁུལ་དེའི་བོད་མི་དང་ས་གནས་འཐུས་མི་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག། ༧གོང་ས་མཆོག་ས་གནས་དེའི་མེ་ཡོ་སྨན་ཁང་དུ་རྒྱུན་ལྡན་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་མཛད་བཞིན་ཡོད་པ་ལྟར། ཐེངས་འདིར་ཡང་ས་གནས་དེའི་འབྲེལ་ཡོད་སྨན་པས་མགོན་པོ་གང་ཉིད་མཆོག་གི་སྐུ་གཟུགས་ལ་བརྟག་དཔྱད་ཞུས་ཡོད་པ་དང༌། དེ་ནས་༧གོང་ས་མཆོག་གིས་སྨན་ཁང་དེའི་འགན་འཛིན་དང་ཆེད་ལས་སྨན་པ་སོགས་ལ་ནང་ཆོས་ནས་གསུངས་པའི་བྱམས་སྙིང་རྗེ་དང་དྲན་ཤེས་བརྒྱུད་དཀའ་ངལ་ཁག་ལ་གདོང་ལེན་བྱ་ཕྱོགས་སྐོར་བཀའ་སློབ་སྩལ་གནང་མཛད་འདུག། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་གོ་སྒྲིག་ཞུས་པའི་དྲན་པ་ཉེར་གཞག་གི་བགྲོ་གླེང་ལྷན་ཚོགས་སུ་དབུ་ཞུགས་མཛད་དེ་བཀའ་སློབ་སྩལ་དོན། ལས་དོན་གང་ཞིག་ཡིན་ཡང་དམིགས་ཡུལ་བཟུང་བའི་ཐོག་ནས་བྱེད་དགོས་། གཞན་གྱི་སྡུག་བསྔལ་ལ་བསམ་གཞིགས་དང་ཕན་རོགས་བྱེད་མཁན་ནང་པ་གཅིག་པུ་མ་རེད། དཔེར་ན་ ཡེ་ཤུའི་ཆོས་ལ་དད་པ་ཞུ་མཁན་བྱམས་བརྩེའི་བདག་ཉིད་མ་ཀྲེ་རེ་ས་དམ་པ་དེ་ཉིད་སྐུ་ཞུགས་སྐབས་ དབུལ་ཕོངས་ཉམ་ཐག་ལ་རོགས་མགོན་གནང་སྟངས་དེ་ནི་ཧ་ལས་དགོས་པའི་བྱ་བ་ཞིག་རེད། གཞན་ཡང་སངས་རྒྱས་ཀྱིས་ལམ་སྟོན་གནང་བའི་མཛད་བཟང་དེ་དག་ལ་ང་ཚོས་ངེས་པར་དུ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ཕེབས་རྗེས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་གནང་མཛད་འདུག ཡང་ཁ་ས་སྔ་ཐོག་ ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ཁང་གི་གསར་འགོད་པ་པིཡརསི་མོར་གེན་གྱིས་༧གོང་ས་མཆོག་ལ་གནས་འདྲི་ཞུས་པའི་ལེ་ཚན་དེ་རིང་མཚན་མོ་སི་ཨེན་ཨེན་ཐོག་རྒྱང་བསྲིང་ཞུ་ཡག་རེད་འདུག།དེ་བཞིན་༧གོང་ས་མཆོག་ནས་ཉེ་དུས་གསར་དུ་བསྐོ་བཞག་བྱུང་བའི་སེམས་དང་སྲོག་གི་སློབ་གཉེར་ཁང་གི་ཚོགས་གཙོ་གསར་པ་སྐུ་ཞབས་ཨར་ཐར་ཛེ་ཇོང་དང་འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་རྣམས་དང་མཇལ་འཕྲད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org