༸གོང་ས་མཆོག་གིས་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་དེའི་རིན་ཐང་དེ་གཞན་ལ་ངོ་སྤྲོད་གནང་ཐུབ་པ་གནང་དགོས་ཞེས་བཀའ་སྩལ་པ།

༸གོང་ས་མཆོག་གིས་དཔལ་ནཱ་ལེནྡྲ་ནས་མཆེད་པའི་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེ་ཡིན་པ་དང་། གཙོ་བོར་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གནང་སྟེ། དེའི་རིན་ཐང་ཤེས་པའི་ཐོག་གཞན་ལ་ངོ་སྤྲོད་གནང་ཐུབ་ཅེས་སོགས་བཀའ་སློབ་སྩལ་བ་།

ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོར་ཐེ་ཝན་ནས་ཕེབས་པའི་དགེ་འདུན་ཞལ་གྲངས་ ༦༦ ལ་དགེ་ཚུལ་ཕའི་སྡོམ་པ་སྩལ་གནང་མཛད་ཡོད་པ་པར་རིས། OODL

འདི་ཚེས་ ༢༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་ནང་རྟེན་གཞི་བྱས་པའི་ཚོགས་གཉིས་ཚོགས་པའི་དགོན་པ་ནས་བཙུན་མ་ ༣༨ དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བཙུན་མ་ ༢ བཅས་ལ་དགེ་ཚུལ་མའི་སྡོམ་པ་སྩལ་གནང་མཛད་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་དཔལ་ནཱ་ལེནྡྲ་ནས་མཆེད་པའི་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེ་ཡིན་པ་དང་། གཙོ་བོར་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གནང་སྟེ། དེའི་རིན་ཐང་ཤེས་པའི་ཐོག་གཞན་ལ་ངོ་སྤྲོད་གནང་ཐུབ་ཅེས་སོགས་བཀའ་སློབ་སྩལ་བ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་དགེ་ཚུལ་མའི་སྡོམ་པ་བཞེས་མཁན་གྱི་ཁོངས་སུ་ཡོད་པ་ཐེ་ཝན་ནས་ཡིན་པ་དགུང་ལོ་ ༦༡ དང་། བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་སྟེ་ལོ་ ༢༠ ཙམ་འགྲོ་བཞིན་ཡོད་པ་ཁྲན་ཁུན་ཏྲན་ལགས་ཀྱིས། ༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་མའི་སྡོམ་པ་བཞེས་རྒྱུ་བྱུང་བ་དེ་ནི་ཧང་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་དང་། མགོན་པོ་གང་ཉིད་མཆོག་ནས་མ་འོངས་ནང་བསྟན་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གནང་དགོས་པའི་བཀའ་གནང་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཁོང་གིས་མུ་མཐུད་གསུངས་དོན་ལ། ད་ལྟ་རང་ཉིད་ནས་ཐེ་ཝན་ནང་ཡོད་པའི་ཆོས་ཚོགས་དེ་བརྒྱུད་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ཁྱབ་དར་འཕེལ་ཡོང་བའི་རེ་བ་དང་སྨོན་ལམ་གནང་གི་འདུག

དེ་བཞིན་ཀོ་ལམ་སྦི་ཡ་ནས་ཡིན་པ་བཙུན་མ་བསྟན་འཛིན་བརྩོན་མཁའ་ལགས་ཀྱིས་རང་ཉིད་དགེ་ཚུལ་མའི་སྡོམ་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དེ་སྔོན་ངོས་ལ་དོགས་དྲི་མང་དག་ཅིག་ཡོད་པ་དང་། དེ་རྗེས་སོ་སོས་བསམ་བློ་བཏང་སྟེ་རིམ་པས་གོམ་པ་མདུན་སྤོས་ཀྱིས་ད་རེས་ཀྱི་སྐལ་བཟང་གི་གོ་སྐབས་དེ་ཐོབ་པ་དང་། ༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་མའི་སྡོམ་པ་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

གཞན་ཡང་ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོར་ཐེ་ཝན་ནས་ཕེབས་པའི་དགེ་འདུན་ཞལ་གྲངས་ ༦༦ ལ་དགེ་ཚུལ་ཕའི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། ཕྱིས་ ༢༩ དང་ ༣༠ ཉིན་གཉིས་རིང་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་རྒྱུ་ཡིན་འདུག ཐེངས་འདིའི་མཛད་འཆར་ནི་ལོ་ལྟར་ཕྱི་ཟླ་༩དང་༡༠པའི་ནང་༸གོང་ས་མཆོག་ནས་རྒྱ་རིགས་དགེ་ཚུལ་དང་དགེ་སློང་བསྒྲུབ་རྒྱའི་མཛད་འཆར་ཡོད་པའི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད་འདུག 

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org