གཞིས་ལུས་བོད་མིར་ལམ་སྟོན།

༧གོང་ས་མཆོག་གིས་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་ཞེས་བཀའ་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༸སྐུ་སྒེར་ཡིག་ཚང་།

༄༅།    །བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཛ་དྲག་གི་རྒོལ་འཛིངས་བྱུང་བཞིན་པར་བརྟེན།    བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཕྱི་ཚེས་༤ཉིན་གཞིས་ལུས་བོད་མི་ཚོར་དགོངས་ནས་ལམ་སྟོན་གྱི་གསུང་འཕྲིན་ཞིག་བསྩལ་འདུག    ༧གང་ཉིད་ཀྱི་གསུངས་འཕྲིན་དེའི་ནང་བཀའ་གནང་དོན།    འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་དེ་ཡ་རབས་བཟང་སྤྱོད་དང་ལྡན་པའི་མི་རིགས་ཤིག་ཡིན་ཡང་།    བར་སྐབས་ནས་བོད་ཀྱི་ནང་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་བ་དང་། ལྷག་པར་སྔ་དུས་དང་མི་འདྲ་བར་དེང་སང་ཞིང་འབྲོག་ཐོན་སྐྱེད་འགན་གཙང་ཞེས་ཡུལ་གྱི་རྩྭ་ས་བདག་སྐྱོང་དུད་ཁྱིམ་དང་། སྡེ་ཚན་ཆུང་ངུ་ཁག་མང་ལ་བགོས་པའི་དབང་གིས་འབྲི་གཡག་དང་། བ་གླང་། ར་ལུག་སོགས་ཕྱུགས་རིགས་འཚོ་སྐྱོང་དང་། དབྱར་རྩྭ་དགུན་འབུ་རྐོ་སྐབས་སོགས་ཀྱི་དུས་སུ་ཕན་ཚུན་ས་མཚམས་བརྒལ་རེས་ཕྲན་བུ་ལ་བསྙད་དེ་བསམ་མེད་དོན་མ་གོ་འགའ་ཞིག་ནས་བོད་མི་རིགས་ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱར་ཇི་མི་སྙམ་པར་ལམ་སང་གྲི་མེ་མདའ་ལ་འཆང་ནས་ལག་འགྱོགས་རྒོལ་འཛིངས་ བྱེད་ལུགས་གོ་ཐོས་ཡོང་གི་ཡོད་པ་བཞིན།
ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན་སྟབས། བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད།    ཅེས་དང་།    ༧མགོན་པོ་གང་ཉིད་ནས་ད་དུང་།    སླད་ཀྱང་གནས་ཚུལ་དེ་རིགས་སྐབས་འཕྲལ་སོ་སོར་འདུམ་འགྲིག་ཡོང་ཐབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org