༧གོང་ས་མཆོག་གིས་ཆོས་གྲོགས་ཚོས་སྟོན་པའི་གསུང་ལ་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་གནང་བ།
འཕགས་པ་གནས་བརྟན་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་དང་སྐབས་བསྟུན། ༧གོང་ས་མཆོག་གིས་ཆོས་གྲོགས་ཚོས་སྟོན་པའི་གསུང་ལ་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ།
- 2022-05-16
-
-
-
Your browser doesn’t support HTML5 audio
ད་ལན་སྤྱི་ཟླ་༥པའི་ཚེས་༡༦ཉིན་མོ་ནི་འཕགས་པ་གནས་བརྟན་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་༡༥ལ་ཁེལ་གྱི་ཡོད་པར་བརྟེན། ༧གོང་ས་མཆོག་གིས་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་རྣམ་གཞག་དང་འབྲེལ་ཏེ་བཀའ་སློབ་ཕེབས་པ་དང་བསྟུན། གཙོ་བོ་སྟོན་པའི་གསུང་གི་འཕྲིན་ལས་ལ་དོ་སྣང་ཡག་པོ་དང་སློབ་སྦྱོང་བྱ་དགོས་པ་བཀའ་སྩལ་གནང་གི་འདུག
ཡང་ཉི་མ་འདི་ནི་བོད་ལུགས་ལྟར་བརྩིས་ན་བོད་ཟླ་༣པའི་ཚེས་༡༥སྟེ་དཔལ་དུས་ཀྱི་འཁོར་ལོའི་དུས་མཆོད་ལའང་ཁེལ་ཡོད་པས། འཆར་ཅན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་གླིང་གིས་དུས་འཁོར་ལྷ་ཁང་དུ་དུས་འཁོར་སྒྲུབ་མཆོད་འཚོག་བཞིན་པར། ༧གོང་ས་མཆོག་སྔར་སྲོལ་ལྟར་ཚོགས་མགོན་དུ་ཆིབས་བསྒྱུར་གནང་སྟེ། མི་མང་གིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཞལ་མཇལ་ཐོབ་ཡོད་ཅིང་། བོད་མི་གཞོན་སྐྱེས་རི་མོ་བ་ཀུན་དགའ་དཔལ་འབྱོར་ལགས་ནས།༧གོང་ས་མཆོག་དང་༧རྒྱལ་ཡུམ་ཆེན་མོ་རྣམ་གཉིས་ཀྱི་སྐུ་པར་རི་མོ་བྲིས་པ་དེར། ༧གོང་ས་མཆོག་གིས་ཕེབས་ཞོར་དུ་མཚན་རྟགས་བཀོད་གནང་བར།སེམས་འགུལ་ཚད་མེད་དང་བཅས་པའི་དགའ་ཚོར་གནང་གི་འདུག
༧གོང་ས་མཆོག་ཆིབས་བསྒྱུར་གནང་ཡུལ་གྱི་དུས་འཁོར་སྒྲུབ་མཆོད་ཆེན་མོ་དེ་རྣམ་རྒྱལ་གྲྭ་ཚང་དུ་མི་ཉམས་རྒྱུན་འཛིན་གནང་ནས་ལོ་ངོ་༢༧༠ལྷག་འགྲོ་བཞིན་པར་བརྟེན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ནས་དུས་འཁོར་སྒྲུབ་མཆོད་འདི་ནི། ༧རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ནས་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་གྱི་ཆོག་གྲྭ་བཙུགས་ཏེ། དུས་འཁོར་སྒྲུབ་མཆོད་ནི་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཞིག་ཡིན་པས། ༧གོང་ས་མཆོག་ཚོགས་མགོན་དུ་ཐེངས་རེ་ཆིབས་བསྒྱུར་གནང་སྲོལ་ཡོད་པ་ལྟར་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་༨༠བཞེས་སྐབས། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོར།ཤམ་བྷ་ལའི་ཆོས་རྒྱལ་ཟླ་བཟང་ལ་སོགས་པར་དུས་འཁོར་རྩ་རྒྱུད་གསུངས་ནས་བཟུང་། ཤམ་བྷ་ལ་རུ་ཆོས་རྒྱལ་བདུན་དང་རིག་ལྡན་ཉེར་ལྔ་ལ་སོགས་པས་དར་སྤེལ་གནང་ཡོད་ཅིང་། རིམ་པས་རྒྱ་གར་ནང་བསྐྱར་དུ་དར་ནས་བོད་ལ་གྱི་ཇོ་ལོ་ཙཱ་བས་༡༠༢༧ལོར་བསྒྱུར་ཏེ་སྤེལ་བ་ནས་ད་བར་ལོ་༩༩༥ཕྱིན་ཡོད་པ་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་དང་རྒྱ་གར། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་དུས་འཁོར་དབང་ཆེན་ཐེངས་༣༤གནང་ཡོད་པ་རེད།