བོད་བཙན་བྱོལ་གཞུང་གི་དམིགས་བསལ་ཚོགས་ཆེན་སྐོར།
དམིགས་བསལ་ཚོགས་ཆེན་ཚུགས་རྒྱུའི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་འཆར་ལ་༸གོང་ས་མཆོག་གི་བཀའ་ཁྲོལ་ཐོབ་འདུག
-
2008-09-29 -
-
-
༄༅༎ད་ལོའི་ཕྱི་ཟླ་བཅུ་གཅིག་གི་ཕྱི་ཚེས་བཅུ་བདུན་ནས་ཉི་ཤུ་གཉིས་ཀྱི་བར་ཉིན་དྲུག་གི་དམིགས་བསལ་ཚོགས་ཆེན་ཚུགས་རྒྱུའི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གྲོས་འཆར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲོལ་ཐོབ་ཡོད་པ་ཚོགས་དྲུང་ཡིག་ཚང་གིས་རེས་གཟའ་པ་སངས་ཉིན་གསལ་བསྒྲགས་གནང་ཡོད་པ་རེད་
དེ་ནི་ཟླ་བ་འདིའི་ཕྱི་ཚེས་བཅུ་གཅིག་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྤྱི་གཉིས་ལ་སྩལ་བའི་ཕྱག་བྲིས་ཤིག་ནང་བོད་ནང་གི་ཛ་དྲག་གི་གནད་དོན་ལ་གཞིགས་པའི་གོ་བསྡུར་སྦྱངས་བཤད་ཆེད་དམིགས་བསལ་ཚོགས་ཆེན་ཞིག་ཚུགས་དགོས་པར་ཚོགས་ཆེན་དེ་ཚུགས་རྒྱུའི་ནང་དོན་ཞིབ་ཕྲ་བཀའ་བསྡུར་དགོས་གལ་བཀའ་ཕེབས་ལྟར་ བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་ལ་དམིགས་བསལ་ཚོགས་ཆེན་ལ་ཕེབས་མཁན་མི་འགྲོ་གཏན་འཁེལ་སོགས་ཀྱི་གྲོས་འཆར་ལ་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་རྒྱབ་སྐྱོར་གནང་ཡོད་པ་རེད་
དེ་ཡང་ཚོགས་དྲུང་ཡིག་ཚང་གིས་གསལ་བསྒྲགས་ནང་དམིགས་བསལ་ཚོགས་ཆེན་དེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཕྱི་ཚེས་བཅུ་བདུན་ནས་ཉི་ཤུ་གཉིས་བར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་གནང་རྒྱུ་དང་དེའི་ནང་བཙན་བྱོལ་བོད་གཞུང་གི་ད་ཡོད་བཀའ་བློན་དང་བཀའ་ཟུར་རྣམ་པ་ སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ་ བཞུགས་སྒར་ཁུལ་དུ་ཡོད་པའི་ཟུང་འབྲེལ་དྲུང་ཆེ་ཡན་གྱི་གཞུང་ཞབས་རྣམ་པ་དང་ དྲུང་གཞོན་དང་དྲུང་གཞོན་མན་གྱི་ལས་བྱེད་པའི་སྐུ་ཚབ་གཉིས་རེ་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་དང་བོད་གཞུང་དོན་གཅོད་རྣམ་པ་ ས་གནས་ཁག་གི་གཞིས་འགོ་དང་ ས་གནས་གྲོས་ཚོགས་ཁག་གི་འཐུས་མི་གཉིས་རེ་དང་བོད་རང་དབང་ལྡན་པའི་ལས་འགུལ་གྱི་ཚོགས་མི་རེ་དང་ གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་པ་ཁག་གི་སྐུ་ཚབ་གཉིས་རེ་དང་ ཆོས་ལུགས་ཁག་ནས་འཐུས་མི་དྲུག་རེ་དང་ཕྱི་རྒྱལ་ཁག་ནས་བོད་རིགས་མཐུན་ཚོགས་ཁག་གི་འཐུས་མི་རེ་དང་བོད་མིའི་སློབ་གྲྭ་ཁག་གི་གཙོས་བོད་གཞུང་ཟློས་གར་དང་སྨན་རྩིས་ཁང་ ལྦ་ན་མཐོ་སློབ་སོགས་རང་དབང་ཅན་གྱི་ལྟེ་གནས་ཁག་ནས་སྐུ་ཚབ་རེ་ཕེབས་རྒྱུའི་གཏན་འཁེལ་གནང་ཡོད་པ་རེད་
དེ་ཡང་ཚོགས་དྲུང་ཡིག་ཚང་གི་གསལ་བསྒྲགས་ནང་ དམིགས་བསལ་ཚོགས་ཆེན་གྱི་ཐོག་མའི་ཉིན་བཞི་པོར་ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་གྲངས་ཤིག་ལ་ཆ་བགོས་ཐོག་གནད་དོན་གོ་བསྡུར་དང་འབྲེལ་གྲོས་འཆར་འདོན་སྤེལ་གནང་རྒྱུ་དང་ཚོགས་ཆེན་གྱི་ཉིན་ལྔ་པར་ཚོགས་ཆུང་ཁག་ནས་ཕུལ་བའི་གྲོས་འཆར་ལ་ལྷན་ཚོགས་ཐོག་གོ་བསྡུར་གྱིས་ཉིན་མཐའ་མ་དེར་གྲོས་ཆོད་ཁག་འཇོག་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད༎