བལ་ཡུལ་ནང་གངས་རུད་ཁྲོད་མི་གྲངས་༢༥ཚེ་སྲོག་ཤོར་འདུག

བལ་ཡུལ་ཧི་མ་ལ་ཡའི་རི་བརྒྱུད་དུ་གངས་རུད་བྱུང་སྟེ་ཉུང་མཐར་མི་གྲངས་༢༥རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

བལ་ཡུལ་ནང་གངས་རུད་ཁྲོད་ནས་ཐར་བའི་རི་འཛེགས་པ་ཁག་གཅིག ༢༠༡༤།༡༠།༡༦ TAAN

བལ་ཡུལ་ཧི་མ་ལ་ཡའི་རི་བརྒྱུད་དུ་གངས་རུད་བྱུང་སྟེ་ཉུང་མཐར་མི་གྲངས་༢༥རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
བལ་ཡུལ་ནང་ཚེས་༡༥ཉིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གངས་རི་ཨན་ནཱ་པུར་ནཱ་Annapurnaཁུལ་ལ་གངས་རུད་བྱུང་ཡོད་པ་དང་། གངས་རུད་ཁྲོད་ཨེ་ཛི་རལ་དང་ཁ་ན་ཌ། འཇར་མན། ཧྥ་རན་སི། རྒྱ་གར། ཕོ་ལན་ཌི་སོགས་ནས་ཡིན་པའི་ཕྱི་རྒྱལ་གྱི་རི་འཛེགས་པ་དང་བལ་པོའི་སྣེ་ཤན་པ་མི་གྲངས་༢༥ཡི་ཚེ་སྲོག་ཤོར་བ་དང་། གཞན་མི་གྲངས་བརྒྱ་སྐོར་ཞིག་གི་གནས་སྟངས་གསལ་ཆ་མེད་པར་ཡོད་པ་རེད། ད་ལྟའི་ཆར་བལ་པོའི་གཞུང་གིས་མྱུར་སྐྱོབ་རུ་ཁག་དང་། ཐད་འཕུར་གནམ་གྲུ་ཆེད་གཏོང་གིས་མྱུར་སྐྱོབ་དང་བོར་བརླག་ཏུ་ཕྱིན་པ་ཚོ་འཚོལ་བཞིན་ཡོད་འདུག
དེ་བཞིན་གོང་ཞུས་མ་ནང་གི་ས་ཁུལ་གཞན་ཞིག་ནང་ཡང་ས་གནས་ཀྱི་འབྲོག་པ་མི་གྲངས་གསུམ་གཡག་འཚོ་སྐབས་གངས་རུད་ཁྲོད་སྲོག་སྐྱོན་བྱུང་ཡོད་སྐོར་མ་ནང་རྫོང་གི་དཔོན་རིགས་སྐུ་ཞབས་Devendra Lami channeཡིས་གསུང་འདུག             
དེ་ལྟར་གངས་རུད་ཁྲོད་ཤི་རྨས་བྱུང་བའི་གྲངས་འབོར་འཕར་བཞིན་ཡོད་པ་རེད།

གསར་འགོད་པ་ལྷུན་འགྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org