༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ལྡན་རྒྱ་ནག་མི་སེར་རྣམས་ཀྱིས་བོད་དོན་ཐོག་བསམ་བློ་གཏོང་ཕྱོགས་ནི་བོད་དོན་འཐབ་རྩོད་ཁྲོད་གལ་གནད་ཅན་ཞིག་ཡིན་ཞེས་བཀའ་སྩལ་མཛད་ཀྱི་ཡོད་པ།

འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དབུ་བཞུགས་ཐོག ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པའི་ཐོག་དྲྭ་ཐོག་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད།

འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་དྲྭ་ཐོག་བགྲོ་གླེང་སྐབས། ༢༠༢༥།༠༤།༢༣ ཉིན། FNVA

ཟླ་ ༤ ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་ (Foundation For Non-Violent Alternatives) གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དབུ་བཞུགས་ཐོག ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice for the Voiceless) ཞེས་པའི་ཐོག་དྲྭ་ཐོག་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད།

བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་ཕྱག་དེབ་དེའི་ནང་མགོན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་ཚོད་འབྱུང་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་དེ་དམིགས་ཡུལ་ལྟར་མུ་འཐུད་གནས་ངེས་ཡིན་པ་བཀའ་གནང་ཡོད་པ་ནི་གནད་འགག་ཅན་ཞིག་ཡིན་པ་གསུངས་སོང་།

༸སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དྲྭ་ཐོག་བགྲོ་གླེང་དེའི་ཐོག་ཚོགས་བཅར་བ་རྣམས་ཀྱི་བཀའ་འདྲིར་ལན་འདེབས་བརྒྱུད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་ཡོན་ཅན་གྱི་རྒྱ་ནག་མང་ཚོགས་ཀྱི་བོད་དོན་ཐོག་བསམ་བློ་གཏོང་ཕྱོགས་ནི་བོད་དོན་འཐབ་རྕོད་ཐོག་གལ་གནད་ཅན་ཞིག་དང་། གལ་ཏེ་ཁོང་ཚོས་བོད་དོན་འཐབ་རྩོད་ཐོག་གོ་རྟོགས་མེད་པ་ཡིན་ཚེ། ང་ཚོའི་འཐབ་རྩོད་ཐོག་གྱོང་གུན་ཅན་ཞིག་དང་ལམ་ལྷོངས་བྱུང་མེད་པ་ཞིག་ཏུ་གྱུར་ཡོད་པས། བོད་རྒྱ་གཉིས་དབར་གྱི་མཐུན་ལམ་གལ་ཆེ་ཡིན་པའི་དགོངས་པ་རྒྱ་ཆེ་ཡོད་སྐོར་དང་། མགོན་པོ་མཆོག་གིས་མཛད་པའི་ཕྱག་དེབ་དེའི་བརྒྱུད། རྒྱ་ནག་གཞུང་ལ་མགོན་པོ་མཆོག་ནས་རང་བཙན་རྩོད་ཀྱི་མེད་ཅིང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་དོན་དམ་གྱི་གྲོས་མོལ་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པས། གཙོ་བོ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་། བོད་མི་ཚོས་བོད་མཐོ་སྒང་ནི་ཁོང་ཚོའི་རང་ཁྱིམ་ཡིན་པའི་ཚོར་སྣང་། བོད་མི་རྣམས་ལ་བོད་ཀྱི་ས་ཐོག་ཏུ་ལས་དོན་བྱེད་པའི་ནུས་པ་ལྡན་པ། བོད་སྐད་ཡིག་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཤེས་རིག་ཐོག་སྟངས་འཛིན་ཐུབ་པ་དང་འདྲ་མཉམ་ཡོང་རྒྱུའི་དགོངས་གཞི་ཡོད་པ་རེད་ཅེས་གསུངས་སོང་།

གཞན་ཡང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་དེབ་གསར་པ་དེ་བཞིན་ལྗགས་རྩོམ་མཛད་རྒྱུའི་དགོངས་གཞི་དེ་བཞིན་ལོ་ལྔ་དྲུག་གོང་ནས་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་བྱུང་ནས་རྒྱུན་འཁྱོངས་ཐུབ་མེད་པ་རེད། འོན་ཀྱང་འདི་ལོར་༸སྐུའི་གོ་སྟོན་དང་བསྟུན་ཕྱག་དེབ་དེ་བཞིན་འདོན་སྤེལ་ཐུབ་པ་བྱུང་ཡོད་པ་གསུངས་སོང་།

མ་ཟད་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས། བོད་པའི་གཏམ་རྒྱུད་དེ་བཞིན་རྒྱལ་སྤྱིའི་ཁྲོད་ཕྱིར་བསྒྲགས་དགོས་པ་ལས། བོད་དོན་གཏམ་རྒྱུད་དང་ལོ་རྒྱུས་བཤད་རྒྱུར་རྒྱ་ནག་ལ་བདག་དབང་གང་ཡང་མེད་པས་བོད་པའི་གཏམ་རྒྱུད་རྣམས་བོད་མི་ཚོས་བདག་པོ་རྒྱག་དགོས་ཞེས་དང་། བོད་མི་རྣམས་ནས་སྐབས་རེ་བོད་པའི་གནས་སྟངས་སོགས་དང་འབྲེལ་ཏེ་ཁེར་རྐྱང་གིས་བསམ་བློ་བཏང་ཚེ། སེམས་ཞུམ་པ་དང་ཁོང་ཁྲོ་སོགས་སྐྱེས་སྲིད་ཀྱང་། དེ་ནི་ལོ་རྒྱུས་ཀྱི་གནས་སྟངས་ཤིག་འོག་རྐྱེན་ངན་འཕྲད་པ་ཡིན་པས། བོད་པའི་ན་གཞོན་ཚོས་བོད་ཀྱི་ལོ་རྒྱུས་ལ་གཞི་རྩའི་གོ་རྟོགས་ཡོང་ཆེད་ལོ་རྒྱུས་ལྟ་ཀློག་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་ཞེས་ནན་སྐུལ་གནང་སོང་།

ཐེངས་འདིར་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་མགོན་པོ་མཆོག་གི་ཕྱག་དེབ་ཐོག་གི་བགྲོ་གླེང་དེ་བཞིན་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལིཔ་སིན་ཧ་ (Dilip Sinha) ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད་ལ། བགྲོ་གླེང་དེར་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ཞིག་ནས་མཉམ་ཞུགས་གནང་ཡོད་པ་རེད།

མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice for the Voiceless) ཞེས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འདི་འཛམ་གླིང་ནང་གྲགས་ཆེ་བའི་ཧར་པར་ཀོ་ལེན་ (Harper Collins) ཞེས་པའི་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་ཞུས་པ་ཞིག་ཡིན་པ་རེད་ལ། ཕྱག་དེབ་དེའི་ནང་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འདས་པའི་ལོ་ངོ་བདུན་བཅུ་དོན་ལྔའི་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གུ་ཡངས་དཀྱིལ་ཆེའི་དགོངས་པའི་ཐོག་ནས་དུས་མཚམས་མི་འདྲ་བའི་ཐོག་ཆབ་སྲིད་ཀྱི་མཛད་ཕྱོགས་མི་འདྲ་བ་ཇི་སྙེད་ཅིག་བསྐྱངས་གནང་མཛད་པའི་སྐོར་ཡིན་ཞིང་།  དཔེར་ན་ལོ་རབས་ལྔ་བཅུའི་ནང་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་སྐབས་དེ་དུས་ཀྱི་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་མཇལ་མོལ་གནང་བ་དང་། དེ་རྗེས་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞེས་པ་ཞིག་བཙུགས། དེའི་ནང་གི་བོད་དུ་བཏང་བའི་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་དུ་ཕྱག་ལས་གནང་ཕྱོགས། མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་རྗེས་རྒྱ་ནག་གི་འགོ་ཁྲིད་ཏེང་ཤའོ་ཧྥིང་གི་སྐབས་བོད་ནང་སྲིད་བྱུས་གུ་ཡངས་ཟེར་བ་ལག་བསྟར་བྱས་རྗེས་ཐད་ཀར་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མ་འོངས་པའི་བོད་ཀྱི་གནད་དོན་ཐད་བཀའ་མོལ་འགོ་བཙུགས་གནང་པའི་སྐོར་དང་། དེ་རྗེས་ལོ་རབས་བརྒྱད་བཅུའི་ནང་བོད་ཀྱི་མ་འོངས་པའི་ཁེ་ཕན་དང་འཛམ་གླིང་གི་འཕེལ་ཕྱོགས་སོགས་ཕྱོགས་མང་པོའི་གནས་སྟངས་ལ་གཟིགས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་སྤེལ་གནང་པ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org