༸གོངས་མཆོག་གིས་ཟླ་བ་འདིའི་ཚེས་༢༩ ནས་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྩལ་རྒྱུ།
༸གོང་ས་མཆོག་གིས་ཕྱི་ཟླ་བ་༡༢་ཚེས་༢༩ནས་༣༡བར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོར་བཅར་རྒྱུ་ཡིན་འདུག
- 2023-12-27
-
-
-
ཕྱི་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། ཚེས་ ༣༡ སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ་ཡིན་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་འདུག
དེ་བཞིན་ ༢༠༢༤ ལོའི ཟླ་བ་ ༡ ཚེས་ ༡ རེས་གཟའ་ཟླ་བའི་ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་རྭ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ཟླ་བ་༡༢པའི་ཚེས་༢༨ནས་༢༠༢༤ལོའི་ཟླ་བ་༡པོའི་ཚེས་༤བར་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་རྒྱུ་ཡིན་ཞིང་། དེའི་རྗེས་ཟླ་༡ཚེས་༢ཉིན་བྷེང་ལོར་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་འཆར་ཡོད་པའི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་ཚོགས་འདུ་ཐེངས་གཉིས་པར་ཕེབས་རྒྱུ་བཅས་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།