༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་བཙུན་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་ཏེ་བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག

ཟླ་ ༣ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་བཙུན་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་པ་དང་སྦྲགས། བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་རྗེས། ༢༠༢༥།༠༣།༡༡ ཉིན། OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཟླ་ ༣ ཚེས་ ༡༡ ཉིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་མི། ཧི་མ་ལ་ཡའི་རི་བརྒྱུད་བཅས་ཀྱི་བསྒྲུབ་བྱ་ཕོ་མོ་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་སྔར་ལྷ་ས་གཙུག་ལག་ཁང་དུ་ཇོ་བོའི་སྐུ་མདུན་ནས་དགེ་ཚུལ་བསྒྲུབས་ཏེ་བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་གལ་ཆེ་ཤོས་སུ་བརྩི་ཡི་ཡོད་པས། སློབ་མ་རྣམ་པ་ཚོས་ཀྱང་དེ་ལ་གལ་ཆེན་པོའི་སྒོ་ནས་སྲུང་སྡོམ་གྱིས་བསླབ་པ་གསུམ་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་པའི་བཀའ་སྩལ་མཛད་ཡོད་པ། འབྲེལ་ཡོད་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་སྐབས། ༢༠༢༥།༠༣།༡༡ ཉིན།

ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་ས་ཕལ་མོ་ཆེ་ནི་བཙུན་མ་ཞེ་གཅིག་ཡིན་པ་མ་ཟད། ལྷག་པར་བཙུན་མ་དེ་ཚོའི་ནང་དགུང་ལོ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་ཡོད་པ་རེད་འདུག རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་ལུང་པ་ནས་ཡིན་པ་དགུང་ལོ་ ༩༡ ཅན་གྱི་དོན་གྲུབ་དཔལ་མོ་ལགས་ཀྱིས། མོ་རང་ལོ་ཆེན་པོ་འདི་འདྲ་ཞིག་ལ་བསླེབས་པའི་མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་སྒྲུབ་ཐུབ་པར། ཤི་ནའང་འགྱོད་པ་མེད་པའི་དགའ་སྤྲོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། ཨུ་རུ་སུའི་རྒྱལ་ཕྲན་ཐུ་ཝ་ས་ཁུལ་ནས་ཡིན་པ་དགེ་ཚུལ་དོན་གྲུབ་དཔལ་ལྡན་ལགས་ཀྱིས་ཀྱང་། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་དགའ་སྤྲོ་བརྗོད་མི་ཤེས་པ་ཞིག་བྱུང་ཞེས་དང་། སོ་སོའི་རྒྱལ་ཁོངས་སུ་ཕྱིར་ལོག་རྗེས་སྒོམ་གྲྭ་ཞིག་ཡོད་པ་དེར་རང་གི་དགེ་རྒན་དང་ལྷན་སློབ་གཉེར་ཉམས་ལེན་བྱ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་སྐབས། ༢༠༢༥།༠༣།༡༡ ཉིན།

ཡང་ཨི་སི་རལ་རྒྱལ་ཁབ་ནས་ཡིན་པ་བསྟན་འཛིན་སྐུ་མདུན་ལགས་ཀྱིས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་བར་ཁོང་ལ་བརྗོད་དཀའ་བའི་དགའ་སྤྲོ་ཚད་མེད་བྱུང་ཞེས་དང་། ཁོང་རང་ཉིད་མ་འོངས་ཐོས་བསམ་གླིང་བཙུན་མའི་དགོན་པར་སློབ་གཉེར་གནང་རྒྱུའི་འདུན་པ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། ཨ་མི་རི་ཀ་ནས་ཡིན་པ་བོད་མི་དགེ་ཚུལ་མ་བསྟན་འཛིན་ལྷ་མོ་ལགས་ནས། ཁོང་གིས་དེ་སྔ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱི་མདུན་ནས་ནང་ཆོས་སྦྱངས་ཏེ་ད་ཆ་མགོན་པོ་མཆོག་དགུང་ལོ་མཐོན་པོར་ཕེབས་དུས་གོ་སྐབས་མ་ཤོར་བའི་ཐོག་ནས། དགེ་ཚུལ་སྒྲུབ་ཐུབ་པ་ནི་ཧ་ཅང་བསྐལ་བ་བཟང་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་སྩལ་སྐབས། ༢༠༢༥།༠༣།༡༡ ཉིན།

དགེ་ཚུལ་གྱི་སྡོམ་པ་ཞུ་བར་དགེ་བསྙེན་ཞེས་རྩ་བ་བཞི་ཆང་དང་བཅས་པ་སྤོང་བའི་བསླབ་གཞི་ལྔ་འཛིན་པ་དང་། རིམ་པས་བར་མ་རབ་བྱུང་ཞེས་བརྗེ་བ་རྣམ་པ་གསུམ་སྟེ་མིང་དང་བསམ་པ། རྟགས་ཆ་ལུགས་བརྗེ་བ་ཡོང་དགོས་པ་དང་། དེ་རྗེས་དགེ་ཚུལ་གྱི་སྡོམ་པ་ནི་བླང་འདས་སུམ་ཅུ་སོ་དྲུག་སྲུང་དགོས་ཀྱི་ཡོད་ཅིང་། ཟླ་༣ ཚེས་ ༡༢ ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་གི་སྡོམ་པ་བསྩལ་འཆར་ཡོད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org