སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཉིན་གཉིས་ཀྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གྲངས་ཁ་ཤས་རིང་སྐུ་ལྷོད་བཞུགས་མཛད་རྒྱུ་ཡིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆིབས་ཞལ་བསྒྱུར་གནང་མཛད་སྐབས། ༢༠༢༥།༠༢།༡༨ ཉིན། RFA/ Pema Ngodup

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཉིན་གཉིས་རིང་བཞུགས་ཞགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། ཟླ་བ་འདིའི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ཧོན་སུར་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་དང་། ཆིབས་ཞལ་མ་བསྒྱུར་གོང་༧གོང་ས་མཆོག་གིས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་འདུ་ཁང་དུ། མགོན་པོ་མཆོག་ནས་ཞོགས་པ་ཡར་བཞེངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་ཐུགས་དེ་ཉིད་དང་མ་བྲལ་བ་ཞིག་གནང་གི་ཡོད་པ་བཞིན་ཚང་མས་ཀྱང་དེའི་རྗེས་སུ་འཇུག་དགོས་པ་དང་། གང་ཉིད་ཀྱིས་ཀྱང་རྒྱུད་གྲྭ་སྨད་སྟོད་ཀྱི་བསྟན་པར་ཐུགས་ཁུར་ཆེ་བཞེས་མཛད་ཡོད་པ་ལྟར། བླ་མ་རྒྱུད་པའི་མིང་འཛིན་མཁན་རྣམས་ནས་ཧུར་ཐག་གནང་དགོས་པའི་ལམ་སྟོན་མཛད་སོང་བ་དང་། ད་ལྟའི་ཆར་བོད་པའི་གནས་སྟངས་རྩ་མེད་དུ་ཕྱིན་མེད་པར་སོང་ཚང་མས་ཧུར་ཐག་གནང་དགོས་པ་བཀའ་སྩལ་གནང་མཛད་ཡོད་པ་རེད།

༧གོང་ས་མཆོག་གིས་མི་གྲངས་བདུན་ཁྲི་ལ་ཉེ་བར་མཇལ་ཁ་སྩལ་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡ ཚེས་ ༥ ནས་ཕྱི་ཟླ་ ༢ ཚེས་ ༡༨ བར་ཟླ་བ་གཅིག་ལྷག་ཙམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེ་ལ་ཀོ་པིར་ཆགས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོར་སྐུ་ལྷོད་བཞུགས་མཛད་པའི་རིང་། བརྟན་བཞུགས་དང་བཀའ་དབང་། བཀའ་ཆོས། དིང་རི་ས་ཡོམ་ཁྲོད་གོད་ཆག་ཕོག་པ་ཚོའི་ཆེད་སྨོན་ལམ་ཐེ་བའི་སྨོན་ལམ་ཁག་དྲུག དེ་བཞིན་མཇལ་མང་བཅས་ཀྱི་ཁྲོད་མི་གྲངས་ཁྱོན་བསྡོམས་ ༦༨,༦༢༤ - དྲུག་ཁྲི་བརྒྱད་སྟོང་དྲུག་བརྒྱ་ཉི་ཤུ་རྩ་བཞི་བརྒལ་བར་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད། དེའི་ཁོངས་མི་གྲངས་ ༨༠༢༡ ནི་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཞིས་ཆགས་དང་། མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ཀྱི་བོད་མིའི་གཞིས་ཆགས་ལྔ་ནས་བགྲེས་སོང་གཙོ་གྱུར་གྱི་དད་ལྡན་མང་ཚོགས་དང་། དེ་བཞིན་རྒྱ་གར་བ། ཕྱི་རྒྱལ་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ལ་མཇལ་མང་། གཞན་ཡང་དགེ་སློང་གི་སྡོམ་པ་ཞུ་མཁན་ཁོངས་སུ། སེ་ར་བྱེས། སེ་ར་སྨད། འབྲས་སྤུངས་བློ་གསལ་གླིང་། འབྲས་སྤུངས་སྒོ་མང་། དགའ་ལྡན་ཤར་རྩེ། དགའ་ལྡན་བྱང་རྩེ། བཀྲ་ཤིས་ལྷུན་པོ། ར་སྟོད། རྫོང་དཀར་ཆོས་སྡེ། དགའ་ལྡན་ཐེག་ཆེན་གླིང་ནས་སོག་པོའི་དགེ་འདུན་པ་བཅས་ཞལ་གྲངས་ ༣༠༣ བྱུང་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆིབས་ཐོན་མཛད་སྐབས། ༢༠༢༥།༠༢།༡༨ ཉིན།

བླ་མ་དབུ་མཛད་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་ཀྱིས་གསུང་དོན་ལ། གྲྭ་ཚང་གི་ལས་སྣེ་རྣམ་པས་སྔ་རྗེས་གསོལ་འདེབས་ཞུས་པ་བཞིན། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་འཁོད་གནང་མཛད་ཆོས་འགྲེལ་དང་བརྟན་བཞུགས་འདེགས་འབུལ་སྐབས་དབུ་བཞུགས་དང་། གྲྭ་ཚང་གི་ཆོས་རྭར་གཟིགས་སྐོར་དང་མཆོད་རྟེན་གསར་བཞེངས་ལ་རབ་གནས་སྩལ་བ་སོགས་ཐུགས་བློ་ཁེངས་པོ་བྱུང་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆིབས་ཞལ་བསྒྱུར་གནང་མཛད་སྐབས། ༢༠༢༥།༠༢།༡༨ ཉིན།

དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནང་ཕེབས་ཐོན་མཛད་སྐབས། སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག ཀུན་བདེ་གླིང་རིན་པོ་ཆེ་མཆོག དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བདེ་སྲུང་བཀའ་བློན་གཙོས་པའི་ས་གནས་ཀྱི་ལས་སྣེ་རྣམས་ནས་ཕེབས་སྐྱེལ་ལ་བཅར་འདུག་ལ། མགོན་པོ་གང་ཉིད་ཧོན་སུར་གཞིས་ཆགས་ནས་ཆིབས་སྒྱུར་མཛད་སྐབས་ཕེབས་ལམ་དུ་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་པ་ཚང་མས་ཕྱག་ཏུ་མེ་ཏོག་དང་བདུག་སྤོས་དེ་བཞིན་མཇལ་དར་སོགས་བསྣམས་ཏེ་མགོན་པོ་གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་སྐྱེལ་ཞུས་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ལྷོ་ཕྱོགས་ཁུལ་དུ་སྐུ་ལྷོད་བཞུགས་ཆེད་ཆིབས་བསྒྱུར་མཛད་པ་དེ་ནི། ལྷོ་ཕྱོགས་བོད་མི་སྤྱི་དང་ལྷག་པར་བོད་མི་བགྲེས་སོང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་གོ་སྐལ་བཟང་པོ་ཞིག་བྱུང་ཡོད་སྐོར་བོད་མི་རྣམས་ནས་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ནས་ཆིབས་ཐོན་གྱིས། མེའི་སོར་ནས་མཁའ་ལམ་རྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་དེ། ལྡི་ལིར་ཉིན་གཉིས་རིང་བཞུགས་ཞགས་མཛད་རྗེས་སུ་འདི་ཚེས་ ༢༡ ཉིན་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org