ཀི་རན་རི་ཇི་ཇུ་མཆོག་བློན་ཆེན་ལས་གནས་གསར་པ་ཞིག་ཏུ་བསྐོ་གཞག་བྱུང་བར་འཚམས་འཕྲིན་རྩལ་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་བློན་ཆེན་ལས་གནས་གསར་པ་ཞིག་ཏུ་བསྐོ་གཞག་བྱུང་བར་འཚམས་འཕྲིན་རྩལ་གནང་ཡོད་འདུག་པ་འདི་སྐོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

དགའ་ལྡན་ཕོ་བྲང་ཡིག་ཚང་།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ ཚེས ༢༡ འཁོད་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ལ་འཚམས་འཕྲིན་བཀའ་ཡིག་ཞིག་རྩལ་གནང་མཛད་པའི་ནང་། བློན་ཆེན་ཀི་རན་རི་ཇི་ཇུ་ཁོང་ལ་རྒྱ་གར་གྱི་སའི་གོ་ལའི་ཚན་རིག་ ( Earth Science ) བློན་ཆེན་གྱི་མཚན་གནས་དང་ཐུགས་འགན་ཡོད་མུས་ཐོག་ Food Processing Industries འམ་ཟས་སྦྱོར་ཚོང་ལས་ལྷན་ཁང་གི་བློན་ཆེན་གྱི་ཐུགས་འགན་འཕར་མ་ཞིག་ཏུ་བསྐོ་གཞག་བྱུང་བར་འཚམས་འདྲི་དང་སྦྲགས་མ་འོངས་ལས་ཡུན་མདུན་ལམ་རིང་པོ་ཞིག་ཡོད་པ་དེ་ལམ་ལྷོང་ལྡན་པ་ཡོང་བའི་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག


སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གནང་བ་དེར་བློན་ཆེན་ཀི་རན་རི་ཇུ་ཇི་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཐོག ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གུས་པར་ཐུགས་བརྩེ་ཆེན་པོའི་ཐོག་ནས་འཚམས་འཕྲིན་དང་ཐུགས་སྨོན་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ།  ༧མགོན་པོ་༧གང་ཉིད་ཀྱིས་རྒྱུན་དུ་འཛམ་གླིང་ཞི་བདེའི་ཆེད་ལམ་སྟོན་བཀའ་སློབ་དང་ཐུགས་སྨོན་སྦྱིན་གྱིས་རླབས་གནང་བར་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་འདུག
རྒྱ་གར་དབུས་གཞུང་གི་བློན་ཆེན་ཀི་རན་རི་ཇུ་ཇི་མཆོག་ནི་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེ་ནས་ཡིན་པ་དང་། ལོ་ངོ་མང་པོའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org