འཕགས་བོད་ས་མཚམས་ཀྱི་ཏིང་བུ་ཡུལ་གྱི་མི་མང་ཁག་ཅིག་ལ་༸གོང་ས་མཆོག་གིས་མཇལ་ཁ་སྩལ་བ།

འཕགས་བོད་ས་མཚམས་ཀྱི་ཏིང་བུ་ཡུལ་གྱི་མི་མང་ཁག་ཅིག་ལ་༸གོང་ས་མཆོག་གིས་མཇལ་ཁ་སྩལ་བ།

༸གོང་ས་མཆོག་གིས་མོན་ཡུལ་དད་ལྡན་པར་མཇལ་ཁ་སྩལ་སྐབས། ༢༠༢༤།༡༢།༢༠ ཉིན། OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བདུན་རེའི་ནང་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་བཅས་ཉིན་གསུམ་རིང་འཆར་ཅན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་དག་ཅིག་ལ་གཟིམ་ཆུང་འཇལ་མང་སྩལ་གནང་གི་ཡོད་པ་བཞིན། འདི་ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོར། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་འཕགས་བོད་ས་མཚམས་སུ་རྟེན་གཞི་བྱས་པའི། ཏིང་བུ་གྲོང་ཚོ་(Tingbu)ནས་ཡིན་པའི་དད་ལྡན་པ་ ༢༠ ཙམ་ལ་མགོན་པོ་མཆོག་ནས་མཇལ་ཁ་སྩལ་གནང་ཡོད་པ་རེད།

མཇལ་ཁ་གྲུབ་མཚམས་སུ་ཏིང་བུ་གྲོང་ཚོ་ནས་ཡིན་པ་ངག་དབང་ནོར་བུ་ལགས་ནས། སྤྱིར་མགོན་པོ་མཆོག་གི་མཇལ་ཁ་ཐོབ་རྒྱུ་ནི་ཤིན་ཏུ་ནས་དཀོན་པོ་ཡིན་པས། ཐེངས་འདིར་དངོས་སུ་མགོན་པོ་མཆོག་གི་ཕྱག་དབང་དང་བྱིན་རླབས་ཐོབ་པ་ནི་ཤིན་ཏུ་ནས་བསྐལ་བ་བཟང་པོ་བྱུང་ཡོད་སྐོར་དང་། ཁོང་ནས་མགོན་པོ་མཆོག་གི་བཀའ་དགོངས་བཞིན་གང་ཐུབ་ཅི་ཐུབ་གནང་རྒྱུའི་འདུན་པ་ཡོད་སྐོར་འདི་ལྟར་འགྲེལ་བརྗོད་གནང་གི་འདུག 
“ངའི་རེ་བ་ལ་ཐེངས་འདིར་ང་ལ་མགོན་པོ་མཆོག་གི་བྱིན་རླབས་བྱུང་བ་དེ་བཞིན་དུ། ངའི་ཕ་ཡུལ་གྱི་ཡུལ་མི་རྣམས་ལའང་དེ་བཞིན་དུ་བསྐལ་བཟང་གི་གོ་སྐབས་བྱུང་བའི་སྨོན་ལམ་དང་། ང་རང་ཡུལ་དུ་ཕྱིར་ལོག་རྗེས་ངའི་ཡུལ་མི་རྣམས་ལའང་བཞུགས་སྒར་དུ་ངེས་པར་མགོན་པོ་མཆོག་ལ་མཇལ་ཁ་ཞུ་རུ་བཅར་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ནན་བརྗོད་བྱ་རྒྱུ་དང་། མགོན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་བཟང་པོ་དང་། ཀུན་དང་ལྷན་དུ་འཆམ་མཐུན་བྱ་དགོས་པ་སོགས་བཀའ་སློབ་དུས་ནས་དུས་སུ་ཕེབས་པ་རྣམས་ལ་ཤར་བསྐྱོད་བྱ་རྒྱུ་ཡིན།” ཞེས་གསུངས་བྱུང་།

གཞན་ཡང་མོན་རྟ་དབང་ཁུལ་དུ་རྟེན་གཞི་བྱས་པའི་ཏིང་བུ་གཞི་ཆགས་ནས་ཡིན་པའི་སྒྲོལ་མ་ཆོས་འཛོམས་ལགས་ནས། ཐེངས་འདིར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཐེངས་དང་པོ་དང་། ནང་མི་ཚང་མ་མཉམ་དུ་ཡོང་སྟེ་མཇལ་ཁ་ཞུ་ཐུབ་པ་ནི་སེམས་ལ་དགའ་ཚོར་དང་བྱིན་རླབས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

རྩ་བའི་མོན་ཡུལ་དད་ལྡན་པ་རྣམས་ནས་འདི་ལོའི་ཟླ་ ༩ ཚེས་ ༧ ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ཏཱ་པིར་གའོ། ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་པ་ཏ་མཚོ་སྣ། སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མོན་ཡུལ་གྱི་སེར་སྐྱ་མི་མང་ཉིས་སྟོང་བརྒལ་བ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ནི། མགོན་པོ་མཆོག་ཨ་རི་ནས་༸སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་རྗེས་སུ་དད་ལྡན་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org