༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་སྦྲེལ་པོ་རྣམ་གཉིས་ལ་མཇལ་ཁ་སྩལ་བ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་གསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ལ་མགོན་པོ་མཆོག་གིས་མཇལ་ཁ་སྩལ་གནང་མཛད་ཡོད་པ་དངཚོགས་གཙོ་སྦྲེལ་པོ་རྣམས་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་སྙན་སེང་ཞུས་གནང་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ལ་མཇལ་ཁ་སྩལ་སྐབས། ༢༠༢༥།༠༤།༣༠ ཉིན། OHHDL

ཟླ་ ༤ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་རྣམས་ལ་མང་མཇལ་སྩལ་གནང་མཛད་པའི་ཁྲོད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་གསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད། མཇལ་ཁའི་སྐབས་ཚོགས་གཙོ་སྦྲེལ་པོ་རྣམས་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་སྙན་སེང་ཞུས་གནང་ཡོད་པ་རེད་འདུག

གཞན་ཡང་མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་མཇལ་བཅར་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། བལ་ཡུལ་དུ་རྟེན་གཞི་བྱས་པའི་མ་ར་ཏི་ཀ་ཐུབ་བསྟན་ཆོས་གླིང་དགོན་པ་ནས་ཡིན་པའི་བླ་མ་ངག་དབང་འཇིགས་བྲལ་ལགས་ཀྱིས། ལོ་ལྟར་བལ་ཡུལ་མ་ར་ཏི་ཀར་རྟེན་གཞི་བྱས་པའི་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་དགོན་པ་ཐུབ་བསྟན་ཆོས་གླིང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མཆོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་སླད་ལོ་ལྟར་ཚེ་སྒྲུབ་གནང་གི་ཡོད་པ་བཞིན། འདི་ལོར་ཡང་དེ་ལྟར་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་བར། སྐབས་དེར་མགོན་པོ་མཆོག་གིས་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནི་བླ་མ་ཤིན་ཏུ་ནས་རླབས་ཆེན་ཞིག་ཡིན་ཞེས་བཀའ་སྩལ་མཛད་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་ཨུ་རུ་སུ་ནས་ཡིན་པའི་ཏ་མི་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནི་གོ་ལ་འདིའི་ནང་གི་མི་སྣ་རླབས་ཆེན་ཞིག་ཡིན་པས། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་མི་རྣམས་ནས་མགོན་པོ་མཆོགལ་གི་མཇལ་ཁར་བཅར་དགོས་པའི་སྐུལ་མ་གནང་སོང་ལ། ཐེངས་འདིར་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་སྐབས་བརྗོད་དཀའ་བའི་སེམས་ཚོར་ཞིག་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་ལ། རྒྱ་གར་གི་རྒྱལ་ས་དྷི་ལི་ནས་ཡིན་པའི་རཇ་ནི་མེ་ལ་ལགས་ཀྱིས། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དེ་ནི་ཁོང་གི་མི་ཚེའི་ནང་གི་དམིགས་ཡུལ་ཆེ་ཤོས་དེ་ཡིན་པས། དེ་རིང་དངོས་སུ་ཕོ་བྲང་དུ་མགོན་པོ་མཆོག་གི་སྐུ་མདུན་བཅར་སྐབས་སེམས་ནང་ཞི་བདེའི་ཚོར་བ་ཤུགས་ཆེ་བྱུང་སོང་བས། མགོན་པོ་མཆོག་ནས་མུ་མཐུད་གོ་ལ་འདིའི་ཐོག་གི་སྐྱེ་འགྲོ་ཀུན་གྱི་སླད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཡོད་པ་གསུངས་བྱུང་།

གཞི་རྩའི་དེ་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕེབས་པའི་མཇལ་བཅར་བ་ ༢༠༠ ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org