༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་ ༤༠༠ ཙམ་ལ་མཇལ་ཁ་སྩལ་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་མི་དང་རྒྱ་གར་བ། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ལུང་ཁུག་ཁག་གི་ཡུལ་མི། ར་ཤི་ཡ། སོག་པོ། ཨིན་ཡུལ་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ མ་ཟིན་ཙམ་ལ་མཇལ་ཁ་སྩལ་གནང་མཛད་འདུག
- 2025-03-29
-
-
-
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༩ རེས་གཟའ་སྤེན་པ་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་མི་དང་རྒྱ་གར་བ། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ལུང་ཁུག་ཁག་གི་ཡུལ་མི། ར་ཤི་ཡ། སོག་པོ། ཨིན་ཡུལ་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ མ་ཟིན་ཙམ་ལ་མཇལ་ཁ་སྩལ་གནང་མཛད་འདུག
མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ནས་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་ཐོབ་པར་ཚོར་བ་ཇི་བྱུང་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར། རྒྱ་གར་ཀ་ལིམ་པོང་དུ་རྟེན་གཞི་བྱས་པའི་པའི་ཐར་པ་ཆོས་གླིང་དགོན་པའི་མཁན་རིན་པོ་ཆེ་ཆོས་འཁོར་རིན་པོ་ཆེ་ཡིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་དྲང་སོང་ཚེ་རབས་ཡོད་པའི་ངོ་བོར་བརྟན་ཆེད་ཀྱི་བསྟན་བཞུགས་བསྟར་འབུལ་གྱི་སྐུལ་སློང་བཅངས་ནས་བཅར་ཏེ། ད་བར་སོ་སོས་མི་ཚེའི་ནང་བྱ་གཞག་གང་གྲུབ་སོགས་འཁོད་པའི་ལས་བསྡོམས་ཤིག་མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་པར། མགོན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་མུ་མཐུད་ནས་ལས་ཀ་ཧུར་ཐག་བྱ་རྒྱུ་དང་། ད་བར་ཡག་པོ་བྱས་པར་བསྔགས་བརྗོད་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་མཇལ་བཅར་བའི་ཁྲོད། ཨིན་ཡུལ་རྒྱལ་ས་ལོན་ཌོན་ནས་ཡིན་པའི་པོལ་ཝེལ་སི་ (Paul Wells) ཡིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཁོང་གིས་དགེ་བའི་བཤེས་གཉེན་དུ་ངོས་འཛིན་བྱེད་ཀྱི་ཡོད་པས། ཐེངས་འདིར་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པར་བསྐལ་བ་བཟང་པོ་བྱུང་ལ། མཇལ་ཁའི་སྐབས་མགོན་པོ་མཆོག་གི་ཐུགས་རྒྱུད་ལ་ཡོད་པའི་བྱམས་བརྩེ་ཚོར་ཐུབ་བྱུང་ཞེས་དང་། མགོན་པོ་མཆོག་གིས་ད་བར་འགྲོ་བའི་དོན་དུ་མཛད་པ་འཕྲིན་ལས་རྒྱ་ཆེ་བསྐྱངས་བར་ཐུགས་རྗེ་ཆེ་ཞུས་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཁེ་ཎ་ཌ་ནས་ཡིན་པའི་སིམ་རན་སིངྒ་(Simran Singh) གིས་ཀྱང་། ཐེངས་འདིར ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས་ཐོག་དང་ཤོས་མགོན་པོ་མཆོག་གི་བྱམས་བརྩེའི་རང་བཞིན་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེར་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་པར་མཇལ་ཁ་སྩལ་གནང་གི་ཡོད་ཀྱང་། ཉེ་ལམ་ནས་མགོན་པོ་མཆོག་གིས་རེས་གཟའ་སྤེན་པ་ལའང་མཇལ་ཁ་རྩལ་གནང་མཛད་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།