སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་སྡེ་ཁག་ནས་བཤད་སྒྲུབ་བསྟན་པར་སློབ་གཉེར་གནང་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་དེ་རིང་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པར་ཕེབས་སྟོན་མཛད་སྒོའི་ཐོག་ལམ་སྟོན་གནང་སོང་།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ས་བཀྲ་ཤིས་ལྷུན་པོར་བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོའི་ཕེབས་བསུ་དང་བཅས་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ། གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིན་༧རྒྱལ་བ་དགེ་འདུན་པས་ཕྱག་བཏབ་པ་དང་ང་རང་རྒྱལ་བ་དགེ་འདུན་གྲུབ་པའི་སྐྱེ་ཕྲེང་ཡིན་པས་དེ་རིང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སླེབས་པས་ཧ་ཅང་དགའ་པོ་བྱུང་། མ་ཟད་གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིད་དགོན་པ་་གལ་གནད་ཅན་ཞིག་ཡིན་པ་བཀའ་བསྩལ་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བཀའ་སློབ་གནང་སྐབས། ༢༠༢༥།༠༡།༠༥ ཉིན། OHHDL

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ས་བཀྲ་ཤིས་ལྷུན་པོར་བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོའི་ཕེབས་བསུ་དང་བཅས་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ། གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིན་༧རྒྱལ་བ་དགེ་འདུན་པས་ཕྱག་བཏབ་པ་དང་ང་རང་རྒྱལ་བ་དགེ་འདུན་གྲུབ་པའི་སྐྱེ་ཕྲེང་ཡིན་པས་དེ་རིང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སླེབས་པས་ཧ་ཅང་དགའ་པོ་བྱུང་། མ་ཟད་གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིད་དགོན་པ་་གལ་གནད་ཅན་ཞིག་ཡིན་པ་བཀའ་བསྩལ་ཡོད། མགོན་པོ་གང་ཉིད་ནས་ཡང་ཡང་བཀའ་ཕེབས་དོན་ལྟར་དགོན་པོ་གྲྭ་ཚང་ཁག་ནས་བཤད་སྒྲུབ་བསྟན་པར་ཐུགས་སྣང་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་སློབ་ཡང་ཕེབས་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བཀའ་སློབ་གནང་སྐབས། ༢༠༢༥།༠༡།༠༥ ཉིན། (FB/Tashi Lhunpo)

དེ་ཡང་དེ་རིང་ཉིན་གུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་ཐད་འཕུར་མཁའ་གྲུ་བརྒྱུད་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་སྦེང་ལོར་ལྷོ་སྤྱི་གཙོས་པའི་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པས་མགོན་པོ་གང་ཉིད་ལ་ཕེབས་བསུ་ཞུས་ཡོད།

རྩེད་ཐང་ནས་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པ་བར་ཆིབས་གྲུར་ཕེབས་སྐབས་ཕེབས་ལམ་དུ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་དང་། སློབ་ཕྲུག དེ་བཞིན་ཕྱོགས་མཐའ་ནས་ཕེབས་པའི་བོད་མི་དང་ཕྱི་ནང་གི་དད་ལྡན་རྣམ་པས་ཕྱག་ཏུ་མེ་ཏོག་དང་། བདུག་སྤོས། མཇལ་དར་སོགས་བསྣམས་ཏེ་མགོན་པོ་གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་འདུ་ཁང་མདུན་དུ་ཞབས་སོར་འཁོད་སྐབས་སྐྱབས་རྗེ་དགའ་ལྡན་ཁྲི་ལས་ཟུར་རྣམ་པ་གཙོས་རིས་མེད་ཆོས་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། ས་གནས་ཀྱི་ལས་སྣེ། མི་མང་ཁག་ཅིག་ནས་ཕེབས་བསུ་ཞུས་གྲུབ་བསྟུན་མགོན་པོ་མཆོག་དགོན་པའི་འདུ་ཁང་དུ་ཕེབས་སྟོན་མཛད་སྒོར་དབུ་བཞུགས་གནང་སྟེ། ཐོག་མར་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་རིན་པོ་ཆེ་དང་། འབྲེལ་ཡོད་ས་གནས་འགོ་འཛིན་རྣམ་གཉིས་ནས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དེར་འདུས་སྐྱ་སེར་ཚོགས་ཞུགས་པ་རྣམས་ལ་བླང་དོར་བཀའ་སློབ་སྩལ་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ཞབས་སོད་བདེ་བར་འཁོད་གནང་པ་། ༢༠༢༥།༠༡།༠༥ ཉིན། (OHHDL)

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གདན་ས་བཀྲ་ཤིས་ལྷུན་པོ་དེ་དགོན་པ་གལ་ཆེན་པོ་ཞིག་ཆགས་ཡོད། རྒྱལ་བ་དགེ་འདུན་གྲུབ་དང་འབྲེལ་བ་ཆེན་པོ་ཡོད་ལ། ངོས་རང་དགེ་འདུན་གྲུབ་ཀྱི་སྐྱེ་ཕྲེང་ཞིག་ཡིན་དུས། དེ་རིང་དགེ་འདུན་གྲུབ་པས་ཕྱག་བཏབ་པའི་བཀྲ་ཤིས་ལྷུན་པོའི་བྱེས་ཀྱི་དགོན་པར་སླེབས་པ་དེར་ཧ་ཅང་དགའ་པོ་བྱུང་། ཞེས་དང་། དེ་བཞིན་མགོན་པོ་མཆོག་ནས་དུས་རྒྱུན་བཞིན་དགོན་སྡེ་ཁག་ནས་ལུང་རྟོགས་ཀྱི་བསྟན་པར་དོ་སྣང་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པ་དེ་དགོན་པ་ཆེ་གྲས་ཤིག་མིན་ནའང་། བསླབ་པ་གསུམ་གྱི་ཉམས་ལེན་ལ་ལྷོད་གཡེང་མ་སོང་བ་དགོས་པའི་ལམ་སྟོན་མཛད་ཡོད།

དེ་བཞིན་མགོན་པོ་མཆོག་ནས་ཆོས་སྡེ་ཁག་གིས་ཕྱིའི་རྣམ་པ་ཙམ་མ་ཡིན་པར་དོན་དངོས་བསླབ་པ་གསུམ་གྱི་ཉམས་ལེན་གནང་རྒྱུར་འབད་འབུངས་དགོས་པ་དང་། དེང་སྐབས་ནང་པ་མ་ཡིན་པ་ཚོས་ཀྱང་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་ཀྱི་ཡོད་པ་མ་ཟད། ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་ལ་ཚན་རིག་པས་ཀྱང་དོ་སྣང་ཆེན་པོ་བྱེད་ཡོད་སྐོར་བཀའ་གནང་བ་སྦྲགས། སྟོན་པ་བཀའ་དྲིན་ཅན་གྱི་དུས་སྐབས་ནས་བཟུང་ནང་པའི་བསྟན་པ་དེ་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བདག་གཅེས་བྱས་ཡོད་པ་དེ་སྟོན་པའི་ཞབས་འདེགས་ཡིན་པ་བཀའ་སྩལ་ཡོད་པ་རེད།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ཐེངས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ལོ་ངོ་བདུན་གྱི་རྗེས་སུ་ཆིབས་སྒྱུར་གནང་གི་ཡོད་པ་ལྟར། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་ལྷོད་བཞུགས་མཛད་རྒྱུ་ཡིན་པ་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ད་ལྟ་མགོན་པོ་མཆོག་གི་མཛད་འཆར་ཇི་ཡོད་གསལ་བསྒྲགས་བསྐྱངས་གནང་མེད། །

གསར་འགོད་པ། པདྨ་དངོས་གྲུབ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་དོན་ཡོད།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org