༧གོང་ས་མཆོག་ནས་ཆོས་ལུགས་རང་དབང་ནི་གཞི་རྩའི་བསམ་བློའི་རང་དབང་ཡིན་སྐོར་བཀའ་སློབ་སྩལ་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་རང་དབང་ནི་གཞི་རྩའི་བསམ་བློའི་རང་དབང་ཡིན་པ་དང་། ཡང་ཆོས་ལུགས་མཐུན་སྒྲིལ་དང་མཉམ་གནས་དགོས་གལ་ཆེ་བ་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་བཀའ་སློབ་སྩལ་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག དགའ་ལྡན་ཕོ་བྲང་ཡིག་ཚང་།

ཕྱི་ལོ་༢༠༢༡ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་གཞུང་འབྲེལ་མིན་པའི་ཆེས་མཐོའི་ལྷན་ཚོགས་དེ་ཉིན་གྲངས་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐོང་ཚོགས་ཞུས་ཤིང་། ཚོགས་འདུ་ཉིན་མཐའ་མའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩལ་བའི་ནང་། ཆོས་ལུགས་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་མིན་ལ་མ་བལྟོས་པར་གཙོ་བོ་གཞན་ཕན་དང་། བྱམས་བརྩེ། དྲང་བདེན་སོགས་ནི་ཆོས་ལུགས་ཚང་མའི་གཅིག་གྱུར་གྱི་བསླབ་བྱ་དེ་ཡིན་པ་བཀའ་གནང་འདུག་ལ།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་རང་དབང་ནི་མིའི་བསམ་བློའི་རང་དབང་ཡིན་པ་བཀའ་གནང་ཞིང་། ཡང་ཆོས་ལུགས་ཀྱི་མིང་བེད་སྤྱད་ནས་དམག་འཁྲུག་ལ་སོགས་པ་གོད་ཆགས་རྐྱེན་ངན་གྱི་གནས་ཚུལ་འབྱུང་བཞིན་པ་དེ་དག་ཡོངས་སུ་འགོག་ཐབས་བྱེད་དགོས་པ་དང་། དུས་རབས་ཉེར་གཅིག་པའི་ནང་གི་མི་ཚོས་སྔོན་གྱི་དུས་རབས་ཀྱི་གནས་ཚུལ་ཐབས་སྡུག་ཁག་མི་ཡོང་བ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།

ཉིན་གྲངས་གསུམ་གྱི་ཚོགས་འདུ་དེའི་ཐོག་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་བརྡལ་བཤིག་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ལ།  དེ་བཞིན་ཡུ་གུར་མི་རིགས་དང་ཧོང་ཀོང་ཐོག་རྒྱ་ནག་གིས་བཟུང་བཞིན་པའི་སྲིད་བྱུས་ཁག་ཐེར་འདོན་གྱིས་ཨ་རིའི་དཔོན་རིགས་མང་དག་ཞིག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། 

བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org