༸གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཚང་མ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་སྐོར་བཀའ་སྩལ་བ།
འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་མི་ལ་ཕན་བདེ་སྒྲུབ་མཁན་གཅིག་གྱུར་ཡིན་དུས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་སྐོར་བཀའ་སྩལ་སོང་།
- 2022-12-27
-
-
-
Your browser doesn’t support HTML5 audio
འདི་ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་ཐ་ཡི་ལན་ཌའི་(Watpa)ལྦ་ཊ་པ་དགོན་པར། ལེགས་སྦྱར་དང་། པཱ་ལིའི་ཆོས་རྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དང་འབྲེལ་བའི་དམ་ཆོས་འདུལ་བའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་ནས་མཁས་པའི་བགྲོ་གླེང་ཚོགས་འདུ་འདིར་ཆེད་དུ་ཕེབས་པའི་མཁས་དབང་དང་། སློབ་གཉེར་པ། བགྲོ་གླེང་པ་ཡོངས་ལ་ལམ་སྟོན་བཀའ་སློབ་སྩལ་དོན་དུ། ང་ཚོ་ཆོས་ལུགས་པ་སྤྱི་དང་ལྷག་པར་དུ་པཱ་ལི་དང་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་མཁན་ཚོས་རྡོ་ལ་རི་མོ་བྲིས་པ་ལྟར་དམ་ཚིག་གོང་བུ་གཅིག་གྱུར་དང་ཕན་ཚུན་གཅིག་གྲོགས་ཀྱི་ཐོག་ནས་འཛམ་གླི་ཞི་བདེའི་ཐོག་ཆོས་པ་ཚོས་ཞབས་འདེགས་སྒྲུབ་དགོས་པ་དང་། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་མི་ལ་ཕན་བདེ་སྒྲུབ་མཁན་གཅིག་གྱུར་ཡིན་དུས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་སྐོར་བཀའ་སྩལ་སོང་།
ཐེངས་འདིའི་ལྷན་ཚོགས་ཐོག་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་པ་དབུས་པའི་ཤྲི་རི་ལང་ཀ་དང་ཐ་ཡི་ལན་ཌའི་བླ་ཆེན་ཁག་མཉམ་ཞུགས་གནང་ཡོད་པ་རེད་ལ། ༸གོང་ས་མཆོག་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་མི་མཐུན་པ་ཡོང་བཞིན་པ་དང་། ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་ཐོག་ནས་མི་མཐུན་པ་ཡོང་གི་ཡོད་པ་དེ་ཧ་ལས་པས་སེམས་སྐྱོ་བོ་དང་ཐབས་སྐྱོ་བོ་ཡིན་དུས། ད་རིང་འདི་གར་པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་འཛིན་མཁན་ཚང་མ་སྟོན་པ་གཅིག་གི་རྗེས་འབྲངས་ཀྱི་ཐོག་ནས་འཛམ་གླིང་ཀུན་ལ་ཕན་བདེ་སྒྲུབ་དགོས་སྐོར་བཀའ་སྩལ་སོང་།
ལྷན་ཚོགས་གོ་སྒྲིག་ཞུ་མཁན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཤར་ཨེ་ཤེ་ཡའི་ཚོགས་པ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། དགའ་ལྡན་ཁྲི་ཐོག་ཁང་མཐུན་མོང་ནས་གོ་སྒྲིག་ཞུས་པ་ཞིག་དང་། ད་རེས་ཀྱི་ལྷན་ཚོགས་ཐོག་རྒྱ་གར་ནང་ཡོད་པའི་བོད་པའི་ཆོས་རྒྱུད་ཁག་གི་མཁས་དབང་ཙམ་མིན་པར། ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་ཡུལ་གྲུ་ཁག་འདྲ་མིན་ནས་གནས་བརྟན་སྡེ་བ་དང་ཐེག་པ་ཆེན་པོའི་མཁས་དབང་དུ་མ་ཞིག་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་དེ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སྐོར་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་མཁན་ཟུར་བློ་བཟང་རྒྱལ་མཚན་ལགས་ནས། བགྲོ་གླེང་ཚོགས་འདུ་དེ་གཙོ་བོ་འཛམ་གླིང་གི་ཆོས་པ་ནང་ཁུལ་མཐུན་པོ་ཡོང་ཆེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་ཚོགས་པ་ཡིན་སྐོར་གསུངས་སོང་།
ད་རེས་ཀྱི་མཁས་པའི་ལྷན་ཚོགས་ཀྱི་བྱུང་རིམ་ནི། ཕྱི་ལོ་ ༢༠༡༨ ཕྱི་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐ་ཡི་ལན་ཌའི་ཝ་ཊ་པ་དགོན་པ་གསར་པ་དབུ་འབྱེད་མཛད་སྐབས་དགོན་པ་དེའི་མཁན་པོ་(Bhodhinandhamunee)མཆོག་དང་བཀའ་མོལ་གནང་སྐབས་༸གོང་ས་མཆོག་ནས་མ་འོངས་པར་གནས་བརྟན་སྡེ་བ་དང་། ཐེག་པ་ཆེན་པོ་གཉིས་མཉམ་རུབ་ཐོག་ནས་མཁས་པའི་བགྲོ་གླེང་སོགས་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་ཕེབས་པ་བཞིན། ཐེངས་འདིའི་མཁས་པའི་ལྷན་ཚོགས་དེ་གོ་སྒྲིག་ཞུས་པ་ཞིག་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།