༸གོང་ས་མཆོག་གིས་ད་བར་གྲྭ་བཙུན་ཁྲི་གསུམ་མ་ཟིན་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་སྩལ་མཛད་འདུག

སྤྱི་ལོ་ ༡༩༦༠ ཙམ་ནས་ད་བར་ཁྱོན་བསྡོམས་གྲྭ་བཙུན་ཁྲི་གསུམ་མ་ཟིན་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇོག་མཛད་ཡོད་པ།

༸གོང་ས་མཆོག་གིས་དགེ་སློང་གི་སྡོམ་པ་འབོགས་འཇོགས་མཛད་པའི་སྐབས། ༢༠༢༤།༠༢།༢༩ ཉིན། OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་ཡོང་སླད། སྐུ་ངལ་ལྷུར་བཞེས་ཀྱིས་དུས་ནས་དུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོག་སྩོལ་གནང་བཞིན་ཡོད་པ་ལྟར། ད་ལན་ཡང་བོད་ཤིང་འབྲུག་ལོའི་བོད་ཟླ་དང་པོ་འདིའི་ནང་། རྒྱལ་ཁབ་ཕྱི་ནང་གི་གྲྭ་བཙུན་ ༤༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་འདུག་པ་མ་ཟད། སྤྱི་ལོ་ ༡༩༦༠ ཙམ་ནས་ད་བར་ཁྱོན་བསྡོམས་གྲྭ་བཙུན་ཁྲི་གསུམ་མ་ཟིན་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇོག་མཛད་ཡོད་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འདས་པའི་ཉིན་འགའ་ཤས་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཉིན་རེའི་ནང་དགེ་འདུན་པ་གྲངས་ ༦༠ ཙམ་ཡོད་པའི་ཚོ་ཁག་རེར་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་མུས་ཡིན་པ་བཞིན། འདི་ཚེས་ ༢༩ བོད་ཤིང་འབྲུག་ལོའི་ལོ་གསར་ཚེས་ ༢༠ ཉིན་དགེ་འདུན་པ་ ༦༠ ཙམ་ལ་དགེ་སློང་གི་སྡོམ་པ་སྩལ་འདུག་པའི་ཁྲོད། འདི་གའི་རླུང་འཕྲིན་ཁང་ནས་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་དགེ་འདུན་པ་ཁག་ཅིག་ལ་བཅར་འདྲི་ཞུས་པར། ༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བཀའ་སློབ་ལམ་སྟོན་ལ་བརྟེན་ནས། ད་སྐབས་འབྲུག་དང་བལ་ཡུལ། སྤི་ཏི། མོན་རྟ་དབང་སོགས་ཀྱི་ནང་། བོད་བརྒྱུད་ནང་བསྟན་ལ་དད་པ་བྱས་པ་ཙམ་མིན་པར། སློབ་གཉེར་རྒྱ་ཆེར་གནང་མུས་ཡིན་པ་གསུང་གི་འདུག

པར་དབང་། དགའ་ལྡན་ཕོ་བྲང་།

དེ་ཡང་དགེ་སློང་ཡོན་ཏན་བསྟན་འཛིན་ལགས་ནི་འབྲུག་རྒྱལ་ཁབ་ནས་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་ཕྱོགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་བཞིན་ཡོད་ཅིང་། ཁོང་གིས། ད་རེས་༸གོང་ས་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་ནི། སྐྱེ་བ་སྔོན་མར་ཚོགས་བཟང་པོ་ཞིག་བསགས་པའི་འབྲས་བུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་ཤིང་། ལྷག་དོན་དུ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ད་སྐབས་འབྲུག་ཡུལ་ནང་དུ་ནང་ཆོས་ཟེར་ན། འདོན་པ་འདོན་པ་དང་། དད་པ་བྱས་ཙམ་མིན་པར། ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་རྒྱ་ཆེར་གནང་མུས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཡང་མོན་རྟ་དབང་ནས་ཡིན་པའི་དགེ་སློང་ཐུབ་བསྟན་འཕྲིན་ལས་ལགས་ནི། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ནང་ཆོས་ལ་སློབ་གཉེར་གནང་མུས་ཡིན་པ་དང་། ཁོང་གིས། རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སེར་ཞལ་མཇལ་པ་ཙམ་གྱིས་སེམས་ནང་རང་བཞིན་ངང་གིས་བདེ་བ་ཡོང་གི་འདུག་ཅེས་དང་། ༸གོང་ས་མཆོག་གི་མཛད་རྗེས་དང་བཀའ་སློབ་ལམ་སྟོན་ལ་བརྟེན་ནས། ད་ཆ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་སྟེ། འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལ་ཞབས་འདེགས་བསྒྲུབ་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།

པར་དབང་། དགའ་ལྡན་ཕོ་བྲང་།

ཡང་དགེ་སློང་བློ་བཟང་དོན་གྲུབ་ལགས་ནི་ཆུང་དུས་ནས་རྒྱ་གར་བྱང་ཕྱོགས་སྤིཏི་དགོན་པར་བཞུགས་ཏེ། ད་ལྟའི་ཆར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སློབ་གཉེར་གནང་མུས་ཡིན་འདུག་ཅིང་། ཁོང་གིས། ད་རེས་༸གོང་ས་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་ནི། བསོད་ནམས་ཆེ་བའི་དུས་ཤིག་ལ་ངོས་འཛིན་གྱིས། འབྱུང་འགྱུར་༸རྒྱལ་བའི་བཀའ་བཞིན་ནང་པའི་བསྟན་པ་ལ་ཞབས་འདེགས་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུང་གི་འདུག

གཞན་ཡང་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་འཆར་ཅན་བོད་ཟླ་དང་པོའི་ནང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྩལ་སྲོལ་ཡོད་ཅིང་། དེ་ཡང་བོད་རིགས་ཙམ་མིན་པར་ཐེ་ཝན་དང་ཀོ་རི་ཡ་སོགས་ཕྱི་རྒྱལ་མི་རིགས་ལ་ཡང་སྡོམ་པ་དེ་གཉིས་གནང་སྲོལ་ཡོད་པ་རེད། ཡོངས་གྲགས་ཀྱི་འདུལ་བའི་བཅས་ཁྲིམས་ ༢༥༣ ཡོད་པའི་དགེ་སློང་གི་སྡོམ་པ་ཞུ་བར་དགུང་ལོ་ ༢༠ ལོན་དགོས་ཀྱི་ཡོད་པ་དང་། བླངས་འདས་ ༣༦ ཡོད་པའི་དགེ་ཚུལ་གྱི་སྡོམ་པ་ཞུ་བར་དགུང་ལོ་ ༧ ལོན་དགོས་ཀྱི་ཡོད་པ་རེད། 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org