རྒྱ་རིགས་བདུན་གྱིས་ཡུ་གུར་བ་ཞིག་ལ་གྲི་བརྒྱབ་ནས་བསད་པ།
ཡུ་གུར་བ་ཞིག་རྒྱ་ནག་ཧྲན་ཀྲན་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནང་རྒྱ་མི་ཞིག་གིས་གྲི་བརྒྱབ་ནས་བསད་ཡོད་པ་རེད་
-
2010-01-09 -
-
-
༄༅༎ཡུ་གུར་བ་ཞིག་རྒྱ་ནག་ཧྲན་ཀྲན་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནང་རྒྱ་མི་ཞིག་གིས་གྲི་བརྒྱབ་ནས་བསད་ཡོད་པ་རེད་ རྒྱ་ནག་ལྷོ་ཕྱོགས་ཀྱི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ཐོག་བཏོན་པའི་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་ལྔའི་ཉིན་ཧན་ཀྲན་གྲོང་ཁྱེར་ནང་གི་ཤིན་ཅང་གི་ཡུ་གུར་བའི་ཟ་ཁང་ཞིག་ཏུ་ལས་གཡོག་བྱེད་བཞིན་པའི་རང་ལོ་ཉེར་ལྔར་སོན་ཞིང་མིང་ལ་ཐོའུ་སོན་ཟེར་པའི་ཡུ་གུར་བ་ཞིག་དང་ ཟ་ཁང་དེར་ཡོང་ནས་ཁ་ལག་ཟ་མཁན་རྒྱ་མི་བདུན་དབར་འཁྲུག་རྩོད་ཤོར་ཡོད་པ་དང༌། སྐབས་དེར་རྒྱ་མི་གཅིག་གིས་ཡུ་གུར་བ་ཐོའུ་སོན་ལ་གྲི་བརྒྱབ་ནས་བསད་ཡོད་པ་རེད་ ཧན་ཀྲན་གྲོང་ཁྱེར་གྱི་ཉེན་རྟོག་པས་འགྲེལ་བརྗོད་བྱས་པར་ལྟར་ན། ཧན་ཀྲན་དངོས་དོན་ལས་ཁུངས་ཤིག་གི་བཟོ་པ་མི་བདུན་ཚེས་ལྔའི་དགོང་དྲོའི་ཆུ་ཚོད་དགུའི་ཡས་མས་སུ་ཡུ་གུར་བའི་ཟ་ཁང་དེའི་ནང་ཡོང་ནས་ཁ་ལག་ཟ་སྐབས་རྒྱ་རིགས་བཟོ་པ་དེ་ཚོས་ཐ་མག་སྤར་རྒྱུའི་ཆེད་དུ་མེ་ཆ་དགོས་པའི་རེ་འདུན་བཏོན་པའི་རྐྱེན་གྱིས་ཟ་ཁང་དེའི་ནང་ལས་གཡོག་བྱེད་བཞིན་པའི་ཡུ་གུར་བ་ཐོའུ་སོན་དང་ཁ་རྩོད་ཤོར་བའི་སྐབས་དེར་རྒྱ་མི་གཅིག་གིས་གྲི་བླངས་ནས་ཡུ་གུར་བ་ཐོའུ་སོན་ལ་བརྒྱབ་ཡོད་པ་དང༌། དེའི་རྗེས་ཡུ་གུར་བ་ཐོའུ་སོན་སྨན་ཁང་ནང་བསྐྱལ་ཏེ་སྐྱོབ་ཐབས་བྱས་ཀྱང་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་པ་རེད་ དོན་རྐྱེན་འདི་ནི་ལོ་སྔོན་མའི་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གི་གྲོང་ཁྱེར་གོང་ཏོང་ནང་རྒྱ་རིགས་དང་ཡུ་གུར་བའི་དབར་མི་མཐུན་པར་འཁྲུག་རྩོད་བསླངས་ཏེ་ཡུ་གུར་བ་གཉིས་བསད་པའི་རྗེས་ད་ཆ་ཧན་ཀྲན་ནང་ཡུ་གུར་བ་ཞིག་རྒྱ་རིགས་ཀྱིས་བསད་པའི་དོན་རྐྱེན་གཉིས་པ་དེ་ཆགས་པ་རེད། ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་གི་མི་རིགས་ཀྱི་གནད་དོན་དེ་ཚབས་ཇེ་ཆེར་འགྲོ་མུས་ཡིན་པ་དང༌། ལྷག་པར་དུ་བོད་དང་ཤར་ཏུར་ཀིསིཏན་གྱི་གནད་དོན་གཉིས་ནི་རྒྱ་ནག་ནང་ཤིན་ཏུ་རྣོ་ཚོར་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།།