༸གོང་ས་མཆོག་གིས་ནིའུ་ཛི་ལཎ་ཌིའི་གསར་འདེམས་སྲིད་བློན་(Chris Luxon)མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།
རྒྱལ་ཁབ་གཞན་ལ་མིག་དཔེ་བཟང་པོ་དང་རིམ་པས་འཛམ་གླིང་ཡོངས་རྫོགས་རྡུལ་ཕྲན་མཚོན་ཆ་མེད་པའི་རེ་བ་དང་ཐབས་ཤེས་གནང་དགོས་པའི་བཀའ་སྩལ་ཡོད་པ།
- 2023-10-16
-
-
-
Your browser doesn’t support HTML5 audio
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྤྱི་ཟླ་༡༠པའི་ཚེས་༡༦ཉིན། ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཀྱི་གསར་འདེམས་སྲིད་བློན་Chris Luxonལགས་སུ་འཚམས་འདྲི་དང་བཀྲ་ཤིས་རྟེན་འབྲེལ་གྱི་བཀའ་ཡིག་ཅིག་གནང་ཡོད་ཅིང་། དེའི་ནང་དེང་སང་འཛམ་གླིང་གང་སར་དཀའ་རྙོག་གཉན་འཕྲང་གི་དུས་འདིར། མང་ཚོགས་ནང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་ཕན་ཚུན་རྟེན་འབྲེལ་ཡིན་པའི་ངེས་ཤེས་ཇེ་ཆེར་འགྲོ་བཞིན་པར་བརྟེན། ཚང་མས་ནུས་པ་མཉམ་སྤུངས་བྱས་ན་རིང་མིན་འབྲས་བུ་བཟང་པོ་སྨིན་པའི་ཡིད་ཆེས་གནང་གི་ཡོད་པ་དང་། ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཀྱིས་རྡུལ་ཕྲན་མཚོན་ཆ་དང་བྲལ་བའི་སྲིད་ཇུས་འཛིན་བཞིན་པ་དེར། སྲིད་བློན་གསར་པ་ཁོང་ཡང་མུ་མཐུད་ཤར་བསྐྱོད་ཀྱི་ཆོད་སེམས་བསྟན་ཡོད་པ་ནི། རྒྱལ་ཁབ་གཞན་ལ་མིག་དཔེ་བཟང་པོ་དང་རིམ་པས་འཛམ་གླིང་ཡོངས་རྫོགས་རྡུལ་ཕྲན་མཚོན་ཆ་མེད་པའི་རེ་བ་དང་ཐབས་ཤེས་གནང་དགོས་པའི་བཀའ་སྩལ་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༸གོང་ས་མཆོག་གི་བཀའ་ཡིག་ཏུ་ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཏུ་ཁོང་ནས་བཟང་སྤྱོད་དང་སྙིང་རྗེ། བཟོད་སྲན་དང་ཆོག་ཤེས། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་གནང་བ་ཁག་ལ། མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་དང་རྒྱབ་སྐྱོར་གནང་ཡོད་པར་ཐུགས་རྗེ་ཆེ་ཞེས་ཀྱང་བཀའ་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཏུ་སྤྱི་ལོ་༡༩༩༢དང་༡༩༩༦ཡང་སྤྱི་ལོ་༢༠༠༢ལོ་དང་༢༠༠༧དེ་བཞིན་སྤྱི་ལོ་༢༠༠༩ལོ་དང་སྤྱི་ལོ་༢༠༡༣ལོ་བཅས་སུ་ཆིབས་སྒྱུར་རིམ་པའི་སྐབས། ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཀྱི་སྲིད་བློན་གཙོས་པའི་སྲིད་དོན་པ་ཚོ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུར། རྒྱ་ནག་གཞུང་གིས་བཀག་སྡོམ་དང་གནོན་ཤུགས་ཆེན་པོ་སྤྲད་ཡོད་ནའང་། ༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རིམ་པར་མཇལ་མོལ་དང་། ལྷག་པར་ཡུལ་དེའི་གདོད་མིའི་མི་རིགས་ཚོས་༸གོང་ས་མཆོག་ལ་གུས་ཞབས་དང་དགའ་མོས་ཧ་ཅང་ཆེན་པོ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།