བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་རྒྱལ་ལོ་ལགས་ཀྱིས་གུང་ཐང་རིན་པོ་ཆེའི་རྣམ་ཐར་བརྩམས་ནས་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

གུང་ཐང་སྐུ་ཕྲེང་དྲུག་པ་དགོངས་པ་རྫོགས་རྗེས་རྒྱ་ནག་གཞུང་གིས་གོ་སྐབས་བཟུང་སྟེ་བོད་རིགས་ས་ཁུལ་གྱི་རྫོང་ཁག་༥༤ཡི་བོད་རིགས་རྫོང་དཔོན་རྣམས་ཀྱི་གོ་གནས་ཕབ་ཡོད་པ་ཐོན་ལ་ཉེ་བའི་གུང་ཐང་རིན་པོ་ཆེའི་རྣམ་ཐར་རྩོམ་པ་པོ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་རྒྱལ་ལོ་ལགས་ཀྱིས་གུང་ཐང་རིན་པོ་ཆེའི་རྣམ་ཐར་བརྩམས་པ་༧གོང་ས་མཆོག་ལ་སྤྱན་འབུལ་སྐབས། ༡༡།༢༠༢༢ མཐུན་འགྱུར་པར་རིས།/RFA

གུང་ཐང་སྐུ་ཕྲེང་དྲུག་པ་དགོངས་པ་རྫོགས་རྗེས་རྒྱ་ནག་གཞུང་གིས་གོ་སྐབས་བཟུང་སྟེ་བོད་རིགས་ས་ཁུལ་གྱི་རྫོང་ཁག་༥༤ཡི་བོད་རིགས་རྫོང་དཔོན་རྣམས་ཀྱི་གོ་གནས་ཕབ་ཡོད་པ་ཐོན་ལ་ཉེ་བའི་གུང་ཐང་རིན་པོ་ཆེའི་རྣམ་ཐར་རྩོམ་པ་པོ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་པ་དང་བོད་ཀྱི་སྤྱི་ཚོགས་རིག་པའི་ཆེད་ལས་མཁས་པ་འབུམ་རམས་པ་རྒྱལ་ལོ་ལགས། བྱང་ཨ་མི་རི་ཀའི་ཁ་ན་ཊ་རྒྱལ་ཁབ་ནང་བཙན་བྱོལ་དུ་གནས་བཞུགས་གནང་བཞིན་པ་དང་། ཉེ་ལམ་ཁོང་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས་དང་བསྟུན། བོད་ནང་འདོན་མི་ཐུབ་པའི་ཆབ་སྲིད་དང་འབྲེལ་བའི་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་ཆེན་པོ་མཆོག་གི་རྣམ་ཐར་ཅིག་བྲིས་པ། བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་གནང་འཆར་ཡོད་པ་དང་། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུང་ན། “༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཞིང་བརྗེས་པ་ནས་བཟུང་། ཁོང་གི་ལས་འགན་རང་བཞིན་གྱིས་གུང་ཐང་རིན་པོ་ཆེའི་ཕྲག་ཏུ་བབས་ཏེ། བོད་རང་སྐྱོང་ལྗོངས་དང་མདོ་སྟོད་སྨད་ཀྱི་བོད་རིགས་ས་ཁུལ་བཅས་སུ། མཐོ་རིམ་མགོ་ཁྲིད་བསྐོ་བཞག་བྱེད་པར་རྒྱ་ནག་གཞུང་གིས་གུང་ཐང་རིན་པོ་ཆེར་ངེས་པར་བཀའ་འདྲི་དགོངས་སྐོར་ཞུ་ཡི་ཡོད་པར་བརྟེན། བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་རྫོང་དང་ཁུལ་རིམ་པར་དཔོན་རིགས་བོད་པ་གཙང་མ་རྐྱང་རྐྱང་འཇོག་ཐུབ་ཀྱི་ཡོད་ནའང་། གུང་ཐང་རིན་པོ་ཆེ་སྐུ་གཤེགས་ནས་ལོ་བརྒྱད་ཀྱི་ནང་། རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་གྱི་རྫོང་༧༤ཡི་རྫོང་དཔོན་༥༤གོ་གནས་ཕབ་པ་དང་ཕྱིར་ཕུད་བཏང་ཡོད་”ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁོང་གིས། “༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་ཐད་རྒྱ་ནག་དབུས་གཞུང་གི་རྒྱུན་ལས་མི་བདུན་གྱི་ནང་གི་གཅིག་གིས་གཙོ་སྐྱོང་བྱས་ཏེ། ཚོགས་འདུ་གལ་ཆེན་ཞིག་འཚོགས་པ་གུང་ཐང་རིན་པོ་ཆེས་དགག་བྱ་གནང་སྟེ་ཚོགས་འདུ་འཐོར་བཅུག་པར་བརྟེན། རྒྱ་ནག་གི་སྐབས་དེའི་སྲིད་བློན་ལི་ཕེང་ནས་གུང་ཐང་རིན་པོ་ཆེ་འཛིན་བཟུང་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་ནའང་། གུང་ཐང་རིན་པོ་ཆེར་འདྲིས་པོ་ཡོད་པ་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཝང་ཀྲན་གོ་ཟེར་བས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་འཇམ་མཁས་ཀྱིས་བཤད་སྟབས། ཅང་ཙེ་མིན་གྱིས་རྙོག་དྲ་སྔ་མ་དེ་མ་སེལ་གོང་དུ་རྙོག་དྲ་གསར་པ་བཟོས་ན་མི་ལེགས་ཞེས་འཛིན་བཟུང་བྱས་མེད་ནའང་། གནས་ཚུལ་དེ་ལ་བརྟེན་ནས་གུང་ཐང་རིན་པོ་ཆེ་དགོངས་པ་རྫོགས་པ་དང་། གུང་ཐང་རིན་པོ་ཆེ་མཆོག་ནས་རྒྱ་ནག་དབུས་གཞུང་ལ་༧པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ངོ་མ་ཡང་དག་ཅིག་བྱུང་ན། རྒྱ་ནག་ལ་ཕན་ཐོགས་ཡོད་པ་དང་བོད་མི་རིགས་ལའང་རྙོག་དྲ་མི་འབྱུང་བ་སོགས་ཀྱི་ཆེད། ༧རྒྱལ་བ་རིན་པོ་ཆེར་ངེས་པར་དུ་ངོས་འཛིན་གནང་བཅུག་དགོས་པ་རེད་ཅེས་རྒྱ་ནག་གཞུང་ལ་ཐབས་ཤེས་སྣ་ཚོགས་ཀྱི་ཞུ་སྐུལ་འབད་བརྩོན་ཞུས་ཏེ། མཐར་ཁོང་གི་སྐུ་སྲོག་ཤོར་བ་རེད”ཅེས་དང་། “བོད་ནང་གི་ཛ་དྲག་གནས་སྟངས་ཆེ་ཤོས་ཤིག་ནི་རྒྱ་ནག་གཞུང་གིས་སློབ་གསོ་ལག་ཆ་བྱས་ནས་བོད་མི་རིགས་ཀྱི་རྐང་གཅོག་གི་ཡོད་པ་གསལ་བོ་ཆགས་ཡོད་པར་བརྟེན། འདི་ལོ་ཟླ་བ་གསུམ་པ་ནས་ང་རང་གིས་བོད་ནང་གི་གནས་སྟངས་དེ་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ། ཨ་མི་རི་ཀ་སོགས་ཀྱི་གཞུང་མང་པོ་ཞུ་གཏུག་བྱས་པ་ཡིན་”ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ཚོགས་རིག་པའི་ཆེད་ལས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་སྤྱི་ལོ་༢༠༡༡ལོར་༧གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་སྐབས་མཇལ་ཁ་ཞུས་ཡོད་ནའང་། ཉེ་ལམ་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་གིས་ཡང་བསྐྱར་མཇལ་ཁ་སྩལ་སྐབས། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རིག་གནས་གསར་པའི་ཁ་སྣོན་གྱི་ཚུལ་དུ་བརྩམས་པ་དེབ་གསུམ་དང་། གུང་ཐང་རིན་པོ་ཆེ་ཚང་གི་མཛད་རྣམ་བཅས་ཕུལ་བ་མ་ཟད། བོད་ནང་གི་གནས་ཚུལ་ཞུ་དགོས་པ་རྣམས་ཡིག་ཐོག་ཏུ་འཁོད་ནས་ཕུལ་བ་མ་གཏོགས། རང་དབང་མེད་པར་མིག་ཆུ་ཤོར་ནས་ཡར་ཞུ་ཐུབ་ཀྱི་མི་འདུག་མོད། ཡི་གེ་དེར་ཞིབ་གཟིགས་གནང་སྟེ་༧གོང་ས་མཆོག་ཐུགས་དགྱེས་ཚོར་གྱི་སྒོ་ནས་སྔོན་མ་ལས་ཀ་ག་རེ་བྱེད་བཞིན་པ་མུ་མཐུད་ཧུར་ཐག་གནང་དགོས་པའི་ལམ་སྟོན་ཕེབས་པ་འགྲེལ་བརྗོད་གནང་བྱུང་།


གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་ནི། སྤྱི་ལོ་༡༩༢༦ལོར་མདོ་སྨད་མཛོད་དགེའི་བཞག་ལྡོམ་དུ་འཁྲུངས་ཏེ། སྤྱི་ལོ་༡༩༥༤ལོར་བླ་བྲང་དགོན་པའི་ཚོགས་ཆེན་ཁྲི་པ་གནང་མྱོང་ཡོད་ཅིང་། སྤྱི་ལོ་༡༩༥༨ལོ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་ཟིང་འཁྲུག་སྐུལ་སློང་བའི་ཉེས་པ་བཙུགས་ནས་མི་ལོ་༢༡རིང་བཙོན་ཁང་དུ་བཅུག་ཡོད་ནའང་། སྤྱི་ལོ་༡༩༧༩ལོ་ནས་བཙོན་གྲོལ་ཐོབ་ཏེ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་དང་མི་རིགས་རང་སྐྱོང་ལག་བསྟར་བཅས་ལ་ཕན་ཐོགས་ཆེན་པོ་བསྒྲུབས་ཡོད་པ་མ་ཟད། དུས་འཁོར་དབང་ཆེན་ཐེངས་མང་སྩལ་བའི་མཐའ་མའི་ཐོག་བོད་ལ་རང་དབང་ཡོང་ཐབས་དང་། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་དགོས་པ་སོགས་དམར་རྗེན་དུ་གསུང་བའི་ཁར། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་དེའི་མཛད་སྒོ་ལ་མ་ཞུགས་པ་དང་། ༧གོང་ས་མཆོག་གིས་ངོས་འཛིན་བྱས་པ་དེ་རྒྱ་ནག་གིས་ངོས་ལེན་བྱ་དགོས་པའི་སྐུལ་མ་ཤུགས་ཆེ་གནང་བ་སོགས་ཀྱིས། མཐར་སྤྱི་ལོ་༢༠༠༠ལོར་དགོངས་པ་མྱ་ངན་ལས་འདས་ཡོད་པ་དང་། ཁོང་གི་རྣམ་ཐར་གསར་མ་རྩོམ་མཁན་རྒྱལ་ལོ་ལགས་ནི་མདོ་སྨད་བླ་བྲང་ནས་ཡིན་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་དང་ཁེ་ན་ཌའི་ཊོ་རོན་ཊོ་སློབ་ཆེན་ནས་སྤྱི་ཚོགས་རིག་པའི་འབུམ་རམས་པ་སློབ་གཉེར་ཐོན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org