རྒྱ་ནག་ནང་རྩ་ཐང་དུ་མེ་སྐྱོན་བྱུང་རྗེས་ཡུལ་མི་གནས་སྤོ་བྱས་པ།

རྒྱ་ནག་གི་བྱང་ཤར་ཧེ་ལོང་ཅང་ཞིང་ཆེན་ནང་རྩ་ཐང་དུ་མེ་སྐྱོན་བྱུང་སྟེ་ས་གནས་ཡུལ་མི་བརྒྱ་ཕྲག་ཉེན་ཡོལ་དུ་གནས་སྤོ་བྱེད་དགོས་བྱུང་འདུག

༄༅༎རྒྱ་ནག་གི་བྱང་ཤར་ཧེ་ལོང་ཅང་ཞིང་ཆེན་ནང་རྩ་ཐང་དུ་མེ་སྐྱོན་བྱུང་སྟེ་ས་གནས་ཡུལ་མི་བརྒྱ་ཕྲག་ཉེན་ཡོལ་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།
དེ་རིང་ས་གནས་མེ་གསོད་རུ་ཁག་གི་དཔོན་རིགས་ནས་བཤད་པར་གཞིགས་ན། ཧེ་ལོང་ཅང་ཞིང་ཆེན་གྱི་རྩ་ཐང་ལ་མེ་སྐྱོན་བྱུང་བ་དེ་ཡིས་དེ་རིང་རེས་གཟའ་ཉི་མའི་ཉིན་ས་གནས་མི་དམངས་བཞི་བརྒྱ་དྲུག་བཅུ་རེ་ལྔ་ཉེན་ཡོལ་དུ་གནས་སྤོ་བྱེད་དགོས་བྱུང་ཚུལ་དང༌། མེ་སྐྱོན་དེ་ནི་སྔ་དྲོའི་ཚོུད་༡༡ དང་སྐར་མ་༤༠ ཞེ་གྲངས་ཐོག་ཁྱབ་ཡོད་པ་དང༌། དེ་ནི་མེ་སྐྱོན་ཐོག་ལ་གནམ་གཤིས་སྐམ་པོ་དང་རླུང་ཤུགས་ཆེན་པོར་བརྟེན་ནས། དེ་རིང་ཉིན་གུང་ལ་སླེབས་སྐབས་ས་ཁྱོན་ཆེན་པོར་ཁྱབ་ཏེ། ཀི་ལོ་མི་ཊར་གྲུ་བཞི་མ་བརྒྱད་ལྷག་གི་རྒྱ་ཁྱོན་ཐོག་ཁྱབ་ཟིན་པའི་སྐོར་བཤད་ཡོད་པ་རེད།
མེ་སྐྱོན་འགོག་ཐབས་ཀྱི་ཆེད་དུ་དམག་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཆེད་གཏོང་བྱས་ཡོད་ལུགས་དང༌། དེའི་ཐོག་ལ་རོགས་སྐྱོར་དུ་མེ་གསོད་རུ་ཁག་དང༌། ཐད་འཕུར་གནམ་གྲུ་སོགས་ཆེད་གཏོང་བྱས་ཏེ་མེ་སྐྱོན་ཁྱབ་ཆེ་རུ་མི་འགྲོ་བའི་ལས་དོན་སྤེལ་མུས་ཡིན་ལུགས་བཀོད་ཡོད་ཅིང༌། ད་རེས་ཧེ་ལོང་ཅང་ཞིང་ཆེན་ནང་དུ་མེ་སྐྱོན་བྱུང་པ་དེ་ནི་ཐེངས་གཉིས་པ་ཡིན་ཞིང༌། ད་རེས་རེས་གཟའ་སྤེལ་པའི་དགོང་དྲོ་ཧེ་ལོང་ཅང་ཞིང་ཆེན་གྱི་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པ་དང༌། རེས་གཟའ་ཉི་མའི་ཉིན་རྩ་ཐང་དུ་མེ་སྐྱོན་བྱུང་བའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་ཀྱི་བྱུང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org