རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་སུ་གཅར་རྡུང་དྲག་པོ་བྱས་འདུག

དགོས་འདུན་གཉིས་ནི། ཁྲིམས་རྩོད་པས་རྡོ་རྗེ་བཀྲ་ཤིས་ཀྱིས་འབྲེལ་ཡོད་ཁྲིམས་ཀྱི་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཁྲིམས་ཁང་གིས་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེར་བསྐྱར་ཞིབ་བྱེད་རོགས་ཞེས་པ་བཅས་ཡིན།

བོད་འབྱོར།

འདི་ག་རླུང་འཕྲིན་ཁང་ལ་འབྱོར་བའི་སྒྲ་ལྡན་བརྙན་ཐུང་ཁག་ཅིག་ལ་གཞིགས་ན། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཟླ ༨ པའི་ཚེས ༢༣ ཉིན། ཡང་བསྐྱར་བོད་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་དུ་སོང་ནས་མུ་མཐུད་ནས་ཞུ་གཏུག་གནང་ཡོད་པ་དང་། ད་རེས་ཀྱང་གཅིག་མཚུངས་ཀྱིས་རེ་འདུན་དོན་ཚན་གཉིས་བཏོན་ཡོད་ཅིང་། དེ་ཡང་ཁྲིམས་རྩོད་པས་རྡོ་རྗེ་བཀྲ་ཤིས་ཀྱིས་འབྲེལ་ཡོད་ཁྲིམས་ཀྱི་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཁྲིམས་ཁང་གིས་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེར་བསྐྱར་ཞིབ་བྱེད་རོགས་ཞེས་པ་དེ་གཉིས་རེད། ཡིན་ནའང་། ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་རེ་འདུན་ལ་ངོས་ལེན་བྱས་མེད་པའི་ཁར། ས་གནས་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་ཕར་འབུད་ཕུར་འདེད་དང་། ཡར་འདྲུད་མར་འདྲུད་བྱས་པ་མ་ཟད་གཅར་རྡུང་བྱས་སྟབས། མགོན་པོ་སྐྱིད་ལགས་ཡར་ལངས་མ་ཐུབ་པར་སར་འགྱེལ་ཡོད་པ་བརྙན་ཐུང་ལས་མཐོང་ཐུབ་པ་དང་། བརྙན་དེ་ལེན་མཁན་སྐྱེས་པ་ཞིག་གིས་ཡར་འགྲོ་དུས་མི་ཡིན། ཕྱིར་ཡོང་དུས་རོ་རེད། ཅེས་གསལ་བཤད་བྱས་འདུག

རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་སྤྱིར་ན་རྒྱ་ནག་དེ་ཁྲིམས་སྐྱོང་གི་རྒྱལ་ཁབ་ཅིག་མིན་ཞིང་། མིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་དུས་ཁྲིམས་ཁང་གིས་ཐག་གཅོད་བྱས་ཟིན་པའི་གྱོད་དོན་ཞིག་ལ་གལ་ཏེ་ནོར་འཁྲུལ་ག་ཚོད་ཡོད་ཀྱང་བསྐྱར་ཞིབ་བྱེད་པའི་སྲོལ་མེད། རྒྱ་རིགས་ཚོས་ཁྲིམས་རྩོད་པ་གླས་ནས་དྲང་བདེན་མིན་པའི་གྱོད་དོན་མང་པོ་ཞིག་གོང་གཏུག་བྱས་དང་བྱེད་བཞིན་ཡོད་ཀྱང་གྲུབ་འབྲས་ཐོན་མེད་དུས། ཆབ་སྲིད་ཀྱི་ཉེས་མིང་བཙུགས་པའི་བོད་མི་ཞིག་གི་གྱོད་དོན་ལ་དེ་བས་ཀྱང་ཁ་ཡ་མི་བྱེད། ཅེས་དཔྱད་བརྗོད་སྤེལ་སོང་།

དེ་མིན་ང་ཚོར་འབྱོར་བའི་བརྙན་ཐུང་གཉིས་པའི་ནང་། མགོན་པོ་སྐྱིད་ལགས་ས་རུ་འགྱེལ་ཡོད་པ་དང་། སྐྱེས་པ་ཞིག་གིས་ཉེན་རྟོག་ལས་ཁང་དུ་བཟུང་ནས་ཡོང་ནས་འདི་ལྟ་བུའི་གནས་སྟངས་ཆགས་ཀྱང་ཡ་བྱེད་མཁན་ཞིག་མི་འདུག ད་ག་རེ་བྱེད་དགོས་སམ་ཞེས་བཤད་བྱེད་བཞིན་འདུག

ཡང་དེ་བཞིན་དུ་བརྙན་ཐུང་གསུམ་པའི་ནང་ཉེན་རྟོག་རླངས་འཁོར་དཀར་པོ་ཞིག་གི་རྩར་ཉེན་རྟོག་པ་འགས་མགོན་པོ་སྐྱིད་ཀྱི་ལག་པ་གཡས་གཡོན་དང་རྒྱབ་སོགས་ནས་བཟུང་ནས་དྲག་སྤྱོད་སྤེལ་བཞིན་པ་མཐོང་གིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་སངས་རྒྱས་སྐྱབས་ལགས་ཀྱིས་མགོན་པོ་སྐྱིད་ལགས་ཀྱི་ལོ་མང་རིང་བསྟུར་མར་ངོ་རྒོལ་དང་ཞུ་གཏུག་བྱས་ནས་སོ་སོའི་ཐོབ་ཐང་རྩོད་ལེན་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་དེ་ཧང་སངས་དགོས་པ་ཞིག་རེད་ལ། རང་རང་སོ་སོའི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་དཔྱད་བརྗོད་བྱས་སོང་།

གསར་འགོད་པ། སྟག་ལྷ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org