བོད་ནང་གི་གླུ་བ་མགོ་ལོག་དཔལ་ལྡན་ལགས་བཙོན་གྲོལ་བྱུང་ཡོད་འདུག

བོད་ནང་གི་གླུ་བ་མགོ་ལོག་དཔལ་ལྡན་ལགས་བཙོན་གྲོལ་བྱུང་ཡོད་ཀྱང་ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་ད་ལྟའི་ཆར་ཤེས་རྟོགས་མེད་པ་རེད་འདུག

མགོ་ལོག་དཔལ་ལྡན་ལགས་ཀྱིས་ཐད་གཏོང་སྐབས། མི་སེར་གྱི་འདྲ་པར།

འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། བོད་ནང་གི་གླུ་བ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་མགོ་ལོག་དཔལ་ལྡན་ལགས་བཙོན་འཇུག་གི་དུས་བཀག་མ་ཚང་བའི་གོང་ཉེ་ཆར་གློད་གྲོལ་བཏང་ཡོད་འདུག་ཀྱང་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་གློ་བུར་དུས་ཚོད་མ་ཚང་བའི་གོང་གློད་གྲོལ་གཏོང་དགོས་དོན་ག་རེ་ཡིན་མིན་སོགས་གསལ་པོ་ཤེས་རྟོགས་མི་འདུག་པས་ང་ཚོས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།
རྩ་བའི་ཆ་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཁག་ཅིག་གློ་བུར་གློད་བཀྲོལ་གཏོང་དགོས་པའི་དམིགས་ཡུལ་ནི་ཁོང་ཚོའི་ལུས་པོ་བདེ་ཐང་མེད་པ་ཆགས་པའི་སྐབས་གློད་གྲོལ་གཏོང་སྲོལ་ཡོད་པ་རེད།
བོད་ནང་གི་གཞས་པ་མགོ་ལོག་ནས་ཡིན་པའི་དཔལ་ལྡན་ལགས་དེ་སྔ་ཕྱི་ལོ་༢༠༢༢ ལོར་སྨིན་ཐང་གསེར་མོ་མཚོ་ཞེས་པའི་དྲྭ་ལམ་བརྒྱུད་རྡུང་ལེན་འགྲན་བསྡུར་ནང་ཨ་མ་ཞེས་པའི་གླུ་བླངས་བ་དང་། དེ་བཞིན་མ་བཅོས་པའི་མི་གཤིས་དྭངས་མ་ཞེས་པའི་གླུ་གཞས་བླངས་པའི་སྐབས་བོད་ཀྱི་མདོ་དབུས་ཁམས་ནས་ཁོང་གི་གཞས་དང་ཚིག་ལ་དགའ་མོས་ཆེན་པོ་བྱས་ཡོད་པ་དང་། དེ་སྔ་ཁོང་གིས་མགྱོགས་འཕྲིན་ཐད་གཏོང་ནང་འབའ་གོ་ཆ་ལགས་ཀྱིས་ཚིག་བརྩམས་པའི་ལ་རྒྱའི་གླུ་དབྱངས་ང་ནི་བཙན་པོའི་ཕོ་ཉ་ཡིན་ཞེས་པའི་གླུ་བླངས་པའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པ་དང་ལོ་གསུམ་གྱི་བཙོན་བཅུག་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད། ཁོང་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་ཕྱི་བསྒྲགས་བྱུང་བའི་སྐབས་སུའང་བོད་མི་མང་པོས་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་རེད།
ཁོང་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org