ནང་པའི་ལྷན་ཚོགས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ཆོས་པ་ཚོས་རྒྱུན་གཏན་གྱི་བྱ་སྤྱོད་ཐོག་འགྱུར་བ་བཏང་པའི་བཀའ་གནང་འདུག
-
2013-09-13 -
-
-
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཚེས་ ༩ ནས་༡༢བར་ཉིན་བཞིའི་རིང་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་བསྩལ་གནང་མཛད་འདུག ༧གོང་ས་མཆོག་གི་གསུང་འཕྲིན་ནང༌བཀའ་གནང་དོན། སྤྱིར་བཏང་ནང་པའི་ཆོས་དེ་སྔར་དར་མྱོང་མེད་པའི་ཡུལ་གྲུ་མང་པོའི་ནང་དེང་སྐབས་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་། མཚམས་རེར་ང་ཚོ་ནང་པ་ཡིན་ཞེས་བརྗོད་མཁན་ཚོའི་སྤུས་ཚད་ཇེ་ཞན་དུ་འགྲོ་ཡི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་བཤད་ཡོད། ད་ཐེངས་བསྐྱར་དུ་ནན་བརྗོད་ཞུ་རྒྱུ་ཞིག་ལ། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་དགེ་རྒན་ཡིན་ཞེས་བརྗོད་མཁན་ཚོ་གནས་ཚུལ་མང་པོ་ཞིག་གི་ནང་། ཉིན་རེའི་བྱེད་སྟངས་མི་དཀྱུས་མ་ཞིག་གི་བྱེད་སྟངས་དང་འདྲ་བས་མ་ཟད། སྡུག་ས་ནས་བརྗོད་ན་སྐབས་རེ་མི་དཀྱུས་མ་དྲང་པོ་ཞིག་གི་བྱེད་སྟངས་ལས་ཐབས་སྐྱོ་བ་དེ་འདྲ་བྱེད་ཀྱི་འདུག དེའི་ཐོག་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག
གོས་ཞུས་ཚོགས་ཆེན་དེའི་ཐོག་འཛམ་གླིང་ནང་པའི་རྒྱལ་ཁབ་ ༣༠ ལྷག་གི་སྐུ་ཚབ་ ༢༥༠ ཙམ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧རྒྱལ་བ་ཀརྨ་པ་མཆོག། བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང༌། དེ་བཞིན་བླ་སྤྲུལ་དགེ་བཤེས་དང་གདན་ས་ཁག་གི་མཁན་པོ་བཅས་མཉམ་ཞུགས་གནང་འདུག།