རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་སུ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དངུལ་བསྐུར་བ་ཁ་པར་བརྒྱུད་ཤེས་རྟོགས་བྱུང་སྐོར་གྱི་ཉེས་མིང་འོག དུས་ཡུན་ལོ་གཉིས་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་མེན་ཡང་བཙོན་ཁང་དུ་ཁྲིད་ཡོད་པ། བོད་ཕྱི་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
- 2022-11-04
-
-
-
Your browser doesn’t support HTML5 audio
འདི་ལོའི་ཕྱི་ཟླ་༧པའི་ནང་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ཚང་གི་བུ་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དངུལ་བསྐུར་བ་ཁ་པར་བརྒྱུད་ཤེས་རྟོགས་བྱུང་སྐོར་གྱི་ཉེས་མིང་འོག་ལོ་གཉིས་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་མེན་ཡང་བཙོན་ཁང་དུ་ཁྲིད་ཡོད་པ། བོད་ཕྱི་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༤ཚེས་༣ཉིན་ཁོང་སི་ཁྲོན་ཞིང་ཆེན་ཁྲི་འདུ་རུ་གུང་སེང་ལ་བཞུགས་ཡོད་པའི་སྐབས་དང་བསྟུན། ཁྲིན་ཏུའུ་ཉེན་རྟོག་ཕྱོགས་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་འདས་པའི་ལོ་གཅིག་རིང་འབར་ཁམས་ཉེ་འགྲམ་བཀག་ཉར་ཁང་ཞིག་ཏུ་ཐག་གཅོད་གང་ཡང་མེད་པར་འདྲི་རྩད་རྐྱང་བྱས་ཏེ་བཞག་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་ཁྲིམས་ཐག་བཅད་ཡོད་པ་ལས་གཞན་ཁོང་གི་སྐུ་གཟུགས་གནས་སྟངས་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་སྐོར་བརྗོད་བྱུང་།
དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནས་དེ་སྔ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་འཁུར་མྱོང་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་ལགས་ཀྱང་ནག་ཉེས་ཅི་ཡིན་ཁ་གསལ་གང་ཡང་མེད་པའི་འོག་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། ཁོ་མོ་ནི་རྔ་བ་རྫོང་གི་དངུལ་ཁང་ཞིག་གི་ནང་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་། ད་ལྟའི་ཆར་ཁོ་མོར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་གོ་ཐོས་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་ན་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་བློ་བསྟན་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་རིམ་གནང་མཐར། རྗེས་སུ་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས་པ་དང་། ཁོང་གིས་དགོན་པའི་ལས་འགན་སྔ་ཕྱིར་བཞེས་པའི་རིང་། རྫོང་དང་དགོན་པའི་བར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དཀའ་ངལ་རིམ་པར་འཕྲད་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།