འཇར་མ་ནི་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་འཆར།
ཇར་མི་ནི་གཞུང་གིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་གནོན་ཤུགས་སྤྲོད་འཆར།
-
2011-06-26 -
-
-
༄༅༎གཟའ་འཁོར་འདིའི་ནང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཇར་མི་ནིར་འཚམས་འདྲིར་འབྱོར་བའི་སྐབས་ཇར་མི་ནི་གཞུང་གིས། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་སྒྱུ་རྩལ་བ་སྐད་གྲགས་ཅན་ཨའེ་ལྦེ་ལྦེ་གློད་འགྲོལ་གནས་སྟངས་སོགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཇར་མི་ནི་ཡི་ཕྱི་སྲིད་བློན་ཆེན་གྱིས་ཇར་མི་ནི་གསར་འགྱུར་ལས་ཁང་ཞིག་ལ་གསུངས་དོན། རྒྱ་ནག་དང་ཇར་མི་ནི་དབར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་ལམ་སྔར་བས་དམ་གཟབ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཀྱང་ཇར་མི་ནི་ངོས་ནས། སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱ་རྒྱུ་ནི་གལ་འགངས་ཆེན་པོར་ངོས་འཛིན་གནང་གི་ཡོད་ཅེས་དང༌། ཁོང་གི་ངོས་ནས་། ཉེ་ཆར་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་བཙོན་ནས་གློད་བགྲོལ་བཏང་བའི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་གྱོད་དོན་དམིགས་བསལ་གླེང་སློང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཨའེ་ལྦེ་ལྦེ་ནི་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པར་བརྟེན་ནས། རྒྱ་ནག་གཞུང་གིས་དཔྱ་ཁྲལ་སྦས་བཀུམ་བྱས་པའི་ནག་ཉེས་ཀྱིས་ཟླ་བ་གསུམ་ཙམ་རིང་བཙོན་འཇུག་བྱས་པ་དང༌། འོན་ཀྱང་རེས་གཟའ་ལྷག་པའི་ཉིན་གློིད་འགྲོལ་བཏང་ཡོད་ཀྱང༌། ཁོང་གི་པེ་ཅིང་གི་ཁྱིམ་ཚང་ནས་འགྲོ་བསྐྱོད་ཀྱི་རང་དབང་མེད་པའི་ཁར་གསར་འགོད་པའི་འདྲི་བར་ལན་འདེབས་བྱ་རྒྱུར་འཇིགས་སྣང་བཟོས་པ་རེད། ཨའེ་ལྦེ་ལྦེ་འཛིན་བཟུང་བྱས་པའི་སྐབས་དེར། རྒྱ་ནག་གཞུང་གིས་ཕྱི་ཟླ་གཉིས་པའི་ནང་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་ལས་འགུལ་གྱི་ཚ་རླབས་རྒྱ་ནག་ནང་དུ་དར་ཁྱབ་འགྲོ་བའི་ཉེན་ཁ་འགོག་ཐབས་ཀྱིས་དམངས་གཙོ་དོན་གཉེར་ཅན་ཐོག་རྡུང་རྡེག་གཏོང་བའི་གྲས་ཡིན་ཞིང༌། སྐབས་དེར་ཇར་མི་ནི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁོང་གི་གློད་འགྲོལ་གཏོང་དགོས་པའི་ཡང་སེ་འབོད་སྐུལ་གནང་མཁན་གྲས་ཤིག་ཡིན་པ་རེད།།