ཇར་མན་ནས་བོད་དོན་ཐུགས་འཚབ།

ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་རང་སྲེག་གི་ལས་འགུལ་སྤེལ་བཞིན་པར་ཐུགས་འཚབ་གནང་འདུག

ཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ། ཝི་ཀི་པི་ཌི་ཡ།

༄༅། །ཕྱི་ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་སྤེལ་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པས་མ་ཟད། བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན་ཅེས་འཁོད་འདུག དེ་བཞིན་ཇར་མན་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་བསྒྲགས་གཏམ་གྱི་ནང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་ཐུན་མོང་མ་ཡིན་པའི་་ངོ་བོ་དང་རིག་གཞུང་ལ་བརྩི་བཀུར་མ་བྱས་པར་བརྟེན། བོད་མི་ཚོ་ད་ཆ་འུ་ཐུག་གི་གནས་སུ་གྱར་ཏེ། རང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཆེད་རང་སྲེག་ལས་འགུལ་སྤེལ་བཞིན་ཡོད་སྟབས། ང་ཚོས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཆེད་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཏེ།    རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་བཅོས་འགྱུར་གྱིས་བོད་མི་ཚོ་དང་འབྲེལ་བ་བྱ་རྒྱུའི་ལིའུ་གསར་པ་ཞིག་སྒོ་ཕྱེ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org