༧གོང་ས་མཆོག་དང་འཇར་མན་བློན་ཆེན་མཇལ་འཕྲད་གནང་རྒྱུ།
༸གོང་ས་མཆོག་དང་འཇར་མི་ནིའི་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་འདུག།
-
2008-05-14 -
-
-
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མི་ནིའི་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་བཅུ་དྲུག་ཉིན་འཇར་མི་ནིའི་ནང་ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་དང་། ཉིན་ཤས་བཞུགས་རྒྱུན་རིང་མང་ཚོགས་ལ་གསུངས་བཤད་གནང་རྒྱུས་མཚོན་མཛད་རིམ་ཁག་ཅིག་ཡོད་འདུག། དམིགས་བསལ་མཛད་འཆར་ཁོངས་སུ་འཇར་མི་ནིའི་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག།
དེ་ཡང་འཇར་མན་གཞུང་གི་མགྲིན་ཚབ་པས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་ཐོག། འཇར་མན་གཞུང་གི་གནད་ཡོད་མི་སྣ་ཚོ་མཛད་བྲེལ་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་སྐོར་བཀའ་མོལ་གནང་རྒྱུ་ཡིན་ལུགས་གསུངས་པ་དང་ཆབས་ཅིག་ཐེངས་འདིའི་ཆིབས་བསྒྱུར་སྐབས་འཇར་མན་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་གི་ཡོད་པའི་སྐོར་གསུངས་འདུག།
དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། མངའ་སྡེ་གཞན་ཁག་གཉིས་ཙམ་གྱི་ས་གནས་སྲིད་གཞུང་གི་སྲིད་བློན་རྣམ་པ་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
ཡར་འཇར་མན་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་གྱི་མགྲིན་ཚབ་པས། ཉེ་ཆར་༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གི་སྐུ་ཚབ་དབར་མཇལ་འཕྲད་ཀྱིས་གྲོས་མོལ་གནང་བ་དེར་དགའ་བསུ་ཡོད་ཅེས་གསུངས་པས་མ་ཟད་འཇར་མན་ངོས་ནས་ཀྱང་མུ་མཐུད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།