འཇར་མི་ནིའི་དབུ་འཁྲིད་ Olaf Scholz མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་པ།

འཇར་མན་གཞུང་གིས་ཡུལ་ལུང་ཚང་མའི་ལོ་རྒྱུས་དང་རིག་གཞུང་བཅས་ལ་གུས་བརྩི་ཞུ་བཞིན་པ་དང་མཉམ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་དོར་ཐབས་མེད་པར་གལ་ཆེན་དུ་བརྩི་བཞིན་ཡོད་སྐོར་གསུངས་ཡོད་པ།

ཨེ་པི།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༢ སྟེ་འཇར་མན་གྱི་དབུ་ཁྲིད་ (Olaf Scholz) ཨོལཱཕ་ཤོལཛ་མཆོག་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་པའི་ཉིན་གཅིག་གི་སྔོན་ཕ་རན་སིའི་སྲིད་འཛིན་ (Emmanuel Macron) ཨི་མེ་ནུའེལ་ མཀརོན་མཆོག་དང་ལྷན་བརྙན་པར་བརྒྱུད་བཀའ་མོལ་གནང་བའི་སྐབས། ཡོ་རོབ་དང་རྒྱ་ནག་དབར་ཚོང་འབྲེལ་ཆ་སྙོམ་ཡོང་ཐབས་ཐད་གྲོས་བསྡུར་གནང་དགོས་ལུགས་དང་། དེ་བཞིན་ཡུཀརེན་དང་ར་ཤེ་ཡའི་དབར་གྱི་དམག་འཁྲུགས་ཀྱི་རྐྱེན་གྱིས་ཡོ་རོབ་ཡུལ་གྲུའི་བདེ་འཇགས་སྲུང་སྐྱོབ་ལ་དོ་ཕོག་ཇི་ཐེབས་ཀྱི་སེམས་འཚབ་འབྱུང་གཞི་སོགས་ཐུན་མོང་གི་དཀའ་ངལ་སྐོར་གླེང་སློང་ཡོང་ཐབས་དགོས་པའི་བཀའ་མོལ་བྱུང་ཡོད་འདུག
ད་རེས་འཇར་མན་གྱི་དབུ་འཁྲིད་ (Olaf Scholz) ཨོལཱཕ་ཤོལཛ་མཆོག་རྒྱ་ནག་ལ་ཉིན་གྲངས་གསུམ་རིང་འཚམས་གཟིགས་གནང་རྒྱུའི་དུས་ཚོད་འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཚོང་འབྲེལ་བྱེད་ཕྱོགས་དང་ར་ཤེ་ཡའི་མཉམ་ཉེ་འབྲེལ་ཆེན་པོ་བྱེད་ཀྱི་ཡོད་པར་བློ་འཚབ་དང་བཅས་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་ཡིན་ལུགས་བཀོད་འདུག
བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཚོང་དོན་ཚན་པ་ཞིག་གིས་ཉི་འོད་གློག་ནུས་དང་གློག་གི་མོ་ཊ། རི་ལི་སོགས་ལ་མཁོ་བའི་འཕྲུལ་རིགས་ཚོང་འབྲེལ་བྱེད་ཕྱོགས་དང་འབྲེལ་བའི་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་བཅས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་ཚོང་འབྲེལ་བྱེད་ཕྱོགས་བློ་ཁ་འཚིམས་པོ་ཞིག་མེད་པའི་དུས་ཚོད་ཞིག་འཁེལ་ཡོད་པ་ཚོང་དོན་འབྲེལ་བའི་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ད་ལྟའི་ཆར་འཇར་མན་གྱི་དབུ་ཁྲིད་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་པའི་མཛད་འཆར་ཇི་ཡིན་སོགས་དམིགས་བསལ་གསལ་སྟོན་མེད་ཀྱང་ཁོང་འཚམས་གཟིགས་ཕེབས་རྒྱུའི་གནས་ཚུལ་ཐོན་པའི་སྐབས་འདི་ག་རླུང་འཕྲིན་ཁང་གིས་རྒྱ་ནག་གི་དབུ་ཁྲིད་རྣམ་པ་དང་མཉམ་དུ་བོད་དོན་གླེང་སློང་གནང་རྒྱུ་ཡིན་མིན་ཐད་འཇར་མན་གཞུང་ལ་དྲི་རྩད་ཞུས་པར། འཇར་མན་སྲིད་བློན་ལས་ཁུངས་ཀྱི་གསར་འགོད་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་བའི་ནང་། སྤྱིར་བཏང་ཇར་མན་གཞུང་གི་ལངས་ཕྱོགས་སྲིད་ཇུས་ལྟར། རྒྱ་ནག་ནི་མཉམ་ལས་བྱེད་ཡུལ་དང་ཡང་ན་འགྲན་ཟླ་ཞིག་ཡིན་པ་དང་། འཇར་མན་གཞུང་གིས་ཡུལ་ལུང་ཚང་མའི་ལོ་རྒྱུས་དང་རིག་གཞུང་བཅས་ལ་གུས་བརྩི་ཞུ་བཞིན་པ་དང་མཉམ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་དོར་ཐབས་མེད་པར་གལ་ཆེན་དུ་བརྩི་བཞིན་ཡོད་པས། འཇར་མན་གྱི་དབུ་ཁྲིད་(Olaf Scholz)་ལགས་རྒྱ་ནག་ནང་ཕེབས་སྐབས་ཀྱི་སྐབས་དོན་གསར་འགོད་གསལ་བསྒྲགས་སོགས་ལ་ཐུགས་སྣང་གནང་རོགས་ཅེས་བཀའ་ལན་གནང་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོ་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org