ཨ་རིའི་རྒྱུ་ཆེན་མི་སྣས་རྒྱ་ནག་གི་འབྱོར་ལྡན་མི་སྣ་དང་གྲོས་མོལ།
ཨ་རིའི་རྒྱུ་ཆེན་མི་སྣ་ཚོས་རྒྱ་ནག་ནང་གི་འབྱོར་ལྡན་ཅན་གྱི་མི་སྣ་ཚོར་སྤྱི་ཚོགས་ཁྲོད་རོགས་རམ་བྱེད་ཕྱོགས་ཐོག་གྲོས་མོལ་གནང་ཡོད་པའི་སྐོར།
-
2010-09-30 -
-
-
༄༅༎ཨ་རིའི་རྒྱུ་ཆེན་མི་སྣ་ཚོས་རྒྱ་ནག་ནང་གི་འབྱོར་ལྡན་ཅན་གྱི་མི་སྣ་ཚོར་སྤྱི་ཚོགས་ཁྲོད་རོགས་རམ་བྱེད་ཕྱོགས་ཐོག་གྲོས་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འཛམ་གླིང་ནང་གི་འབྱོར་ལྡན་ཆེ་ཤོས་གྲས་ཨ་རི་བ་སྐུ་ཞབས་སྦིལ་གེཏ་སེ་དང་། ལྦ་རེན་སྦ་ཕེཏ་རྣམ་གཉིས་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་རིགས་འབྱོར་ལྡན་ཁག་ཅིག་དང་ལྷན་དུ་མཉམ་འཛོམས་ཀྱིས་ཁོང་ཚོའི་ངོས་ནས་སྤྱི་ཚོགས་ནང་མཐུན་འགྱུར་རོགས་རམ་སྤྲོད་ཐུབ་པ་བྱེད་ཐུབ་རྒྱུའི་སྐུལ་སློང་གི་ཐོག་ནས་གྲོས་མོལ་གནང་ཡོད་པ་རེད། དེ་རིང་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་ཐོག་སྐུ་ཞབས་གེཏ་སེ་མཆོག་ནས། ད་རེས་ཚོགས་འདུ་འདིའི་ནང་རྒྱ་རིགས་འབྱོར་ལྡན་གསུམ་ཆ་གཉིས་ཙམ་ནས་མཉམ་ཞུགས་གནང་ནས་དགོངས་ཚུལ་ལྷུག་པོ་བྱུང་སོང་ཞེས་གསུངས་འདུག ཡིན་ནའང་ཁོང་གིས། རྒྱ་ནག་ནང་འབྱོར་ལྡན་མི་སྣ་དེ་དག་ལོ་ངོ་སུམ་ཅུའི་གོང་ནས་འབྱོར་ལྡན་ཅན་མ་ཡིན་པར་མི་རབས་གསར་པའི་ཐོག་ནས་དཔལ་འབྱོར་ཡར་རྒྱས་བཏང་ནས་འབྱོར་ལྡན་ཅན་ཆགས་པ་མང་ཆེ་བ་ཡིན་དུས་སྤྱི་ཚོགས་ནང་རོགས་རམ་བྱེད་རྒྱུ་དང་རོགས་ཚོགས་འཛུགས་རྒྱུ་སོགས་ད་ལྟའི་ཆར་རྒྱུས་མེད་ཡིན་པ་རེད། ཡིན་ནའང་མང་པོས་རོགས་རམ་བྱེད་རྒྱུའི་བསམ་ཚུལ་བཏོན་གྱི་འདུག་ཅེས་གསུངས་འདུག
ཡང་སྐུ་ཞབས་སྦ་ཕེཏ་མཆོག་གིས། ང་ཚོས་ད་རེས་ལྷན་ཚོགས་འདི་གོ་སྒྲིག་བྱེད་དགོས་དོན་ནི་འབྱོར་ལྡན་ཚོར་ང་ཚོའི་ལངས་ཕྱོགས་དང་། ལས་དོན་སྤེལ་ཕྱོགས་ལྟབུ་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་བསམ་བློ་རྩ་བ་ནས་མེད་ལ་དེ་ལྟར་བྱེད་རྩིས་ཀྱང་མེད། རྒྱ་ནག་ནང་ནུབ་ཕྱོགས་པའི་ལས་དོན་སྤེལ་བ་ནང་བཞིན་སྤེལ་དགོས་པའི་ཁྱབ་པ་གང་ཡང་ཡོད་མ་རེད་ དེ་སོ་སོའི་ཡུལ་བབས་ལ་གཞིགས་པས་ལས་དོན་སྤེལ་དགོས་པ་ཞིག་རེད་ཅེས་གསལ་བཤད་གནང་ཡོད་པ་རེད། ཞིབ་འཇུག་བྱས་པ་བརྒྱུད་ན། རྒྱ་ནག་ནང་ཨ་རིའི་དྲོ་ལར་ས་ཡ་མང་པོའི་སྦྱིན་བདག་འབྱོར་ལྡན་ཅན་གྱི་མི་སྣ་འབུམ་དགུ་མ་ཟིན་ཙམ་ཡོད་འདུག་ལ་རྒྱུ་ཆེ་ཤོས་དེ་ནི་ཧང་དྲའོ་ ལྦ་ཧ་ཧ་ཞེས་པའི་བཟོ་གྲའི་སྦྱིན་བདག་
ཀྲོང་ཆིང་ཧའོ་ཟེར་བ་དེ་ཡིན་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།