གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐབས་བྱེད་བཞིན་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཚོགས་ཆུང་ཞིག་བསྐོ་གཞག་བྱས་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཚོགས་ཆུང་བཙུགས་སྐབས། ༡༡།༠༢།༢༠༢༢ CTA

དེ་ཡང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྣོལ་འཇོག་གནང་བའི་གཞུང་འབྲེལ་ཡིག་ཆ་ཨང་༤༤པའི་གྲོས་ཆོད་དོན་ཚན་ ༢པའི་དགོངས་དོན་གཞིར་བཟུང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ། བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་བའི་མི་འགྲོར། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་བཅས་ལ་བསྐོ་གཞག་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་༢ཉིན་གྱི་སྔ་དྲོ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། དྲུང་ཆེ་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་བཅས་སྤྱི་མོས་ཀྱིས་གཏན་འཁེལ་བ་ཡོད་པ་རེད་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཆོད་ནང་གསལ་ལྟར། ཆེད་དུ་བཙུགས་པའི་ཚོགས་ཆུང་གིས་ལས་དོན་གཙོ་བོ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་བསྒྱུར་དང་། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་པ་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་འགོད་འཆར་འབུལ་བྱས་ནས། ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་༥པ་འཚོགས་པའི་སྐབས་སུ་འབུལ་གནང་དགོས་པ་བཅས་ཡིན་འདུག
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེའི་ཐོག་མའི་དམིགས་ཡུལ་ཁེ་ཡོད་ཀྱི་ཚོགས་པ་ཞིག་ཆགས་ཐབས་སུ་ཕྱི་ལོ་༢༠༡༨ལོར་གསར་བཙུགས་གནང་ཡོད་ཀྱང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་དང་གཞུང་འཛིན་འགྱུར་བ་ཕྱིན་པར་བརྟེན་ནས་མུ་མཐུད་དུ་གནས་ཐུབ་དང་མ་ཐུབ་སྐོར་སྤྱི་འཐུས་ལྷན་ཁང་ནང་བགྲོ་གླེང་རིམ་པ་བྱུང་རྗེས། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་སུ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་འབུལ་བའི་ནང་། ཞབས་ཞུ་ཁང་དེ་བཞིན་ད་ཡོད་གནས་སྟངས་ཀྱི་ཐོག་ནས་བསྐྱོད་པར་འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་དཀའ་ངལ་ཡོད་སྟབས་གཞུང་སྒེར་མཉམ་འབྲེལ་གྱི་རང་སྐྱོང་སྡེ་ཚན་ཞིག་ཏུ་བསྒྱུར་དགོས་པ་སོགས་ཀྱི་རྒྱབ་གཉེར་ཁག་གཅིག་ཞུས་པ་དེ་ལྟར་ལག་བསྟར་གནང་ཐབས་གནང་བཞིན་པ་ཡིན་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org