དགོན་སྡེ་ཁག་ནང་ཕྱི་ནས་ཡོང་མཁན་ཚོ་ཞག་སྡོད་སྣེ་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག
སྐུའི་འཁྲུངས་སྐར་སྐབས་རྒྱ་ནག་གི་སྤྱི་བདེ་མི་སྣ་དང་ལས་བྱེད་ཚོས་བོད་ནང་གི་དགོན་སྡེ་ཁག་གཅིག་གི་ནང་སྐོར་བསྐྱོད་བྱས་ནས་ཕྱི་ནས་ཡོང་མཁན་གྱི་མི་སྣ་ཚོ་ཞག་སྡོད་སྣེ་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག
-
2020-07-10 -
-
-
སྐུའི་འཁྲུངས་སྐར་སྐབས་རྒྱ་ནག་གི་སྤྱི་བདེ་མི་སྣ་དང་ལས་བྱེད་ཚོས་བོད་ནང་གི་དགོན་སྡེ་ཁག་གཅིག་གི་ནང་སྐོར་བསྐྱོད་བྱས་ནས་ཕྱི་ནས་ཡོང་མཁན་གྱི་མི་སྣ་ཚོ་ཞག་སྡོད་སྣེ་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག
དེ་ཡང་སྤྱི་ཟླ་༧་པའི་ཚེས་༦་ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔ་ནུབ་སི་ཁྲོན་དང་། མཚོ་སྔོན། ཀན་ལྷོ་སོགས་ཀྱི་བོད་ཁུལ་གྱི་དགོན་སྡེ་ཁག་ནང་། ས་གནས་རྒྱ་ནག་གི་སྤྱི་བདེ་ཚན་པ་དང་། འབྲེལ་ཡོད་དམར་ཤོག་ཚོགས་པའི་ལས་བྱེད་ཚོས་སྐོར་བསྐྱོད་བྱས་ནས། འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། དགོན་སྡེ་ཁག་ནང་ཕྱི་ནས་ཡོང་མཁན་གྱི་གྲྭ་བཙུན་གཙོས་མི་སྣ་ཚོ་ཞག་སྡོད་སྣེ་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
བོད་ནང་གི་གནས་ཚུལ་འདི་རྒྱུས་མངའ་ཡོད་མཁན་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཞིག་་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱི་ཟླ་༧་པའི་ཚེས་༦་ཉིན། དཀར་མཛེས་ཁུལ་རོང་བྲག་རྫོང་གི་དམར་ཤོག་ཚོགས་པའི་དཔོན་རིགས་དང་། ས་གནས་སྤྱི་བདེ་ཚན་པའི་འགོ་ཁྲིད་ཝང་ཧྲོའུ་དབྱི་ཡིས་སྣེ་ཁྲིད་ནས་རྒྱ་ནག་གི་ལས་བྱེད་ཁག་ཅིག་གིས་ཁུལ་དེའི་དགའ་ལྡན་ཕུན་ཚོགས་གླིང་དགོན་པར་སྐོར་བསྐྱོད་བྱས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་བ་དང་མཉམ། དགོན་པ་དང་གྲྭ་བཙུན་ཡོངས་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་བཟང་པོ་ཞིག་བྱེད་དགོས་བ་དང་། དེའི་ཆེད་དོགས་ཟོན་སྔར་བས་ཆེ་རུ་བཏང་ནས་ཕྱི་ཕྱོགས་ནས་ཡོང་བའི་གྲྭ་བཙུན་གཙོས་ཕྱི་མི་ཚོ་ཞག་སྡོད་སྣེ་ལེན་གཏན་ནས་བྱེད་མི་ཆོག་པ་དང་། དཀྲོག་གཏམ་ལ་གང་བྱུང་ཡིད་ཆེས་མི་བྱེད་པ། ས་གནས་གང་ཡིན་ཡང་དོགས་གཞི་ཡོད་པའི་མི་སྣ་མཐོང་ཚེ་དུས་ཐོག་ཏུ་ས་གནས་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་སུ་སྙན་སེང་ཞུས་ནས་བོད་ཁུལ་དང་ས་གནས་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་དགོས་བ་སོགས་བཤད་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་གསུང་ན། བོད་ནང་གི་དགོན་སྡེ་ཁག་ནང་ཕྱི་ཕྱོགས་ནས་ཡོང་བའི་གྲྭ་བཙུན་གཙོས་ཕྱི་མི་ཚོ་ཞག་སྡོད་སྣེ་ལེན་གཏན་ནས་བྱེད་མི་ཆོག་པའི་སྲིད་ཇུས་དེ། ཕལ་ཆེར་༢༠༡༩་ལོ་ནས་འགོ་བཙུགས་ཡོད། དེ་ནི་བོད་ནང་དུས་ཚེས་དམིགས་བསལ་ཅན་གྱི་སྐབས་རང་ལུས་མེར་སྲེག་དང་། ཆབ་སྲིད་ཀྱི་རྙོག་ཟིང་མི་ཡོང་བའི་ཆེད་དུ། རྒྱ་ནག་གཞུང་གི་ས་གནས་འབྲེལ་ཡོད་ཚན་པས་གསུམ་བཅུའི་དུས་དྲན་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སོགས་དུས་ཚེས་དམིགས་བསལ་སྐབས་ཡང་ཡང་སྐོར་བསྐྱོད་དང་དེའི་ཐད་ནན་བརྗོད་ཀྱིས་དམ་དྲག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།