བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུ་དང་པོ་ཨ་རིའི་རྒྱལ་སར་འཚོགས་རྒྱུ་རེད།

བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུ་ཞིག་རིང་མིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཚོགས་གཏན་འཁེལ་འདུག

བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུ་དང་པོའི་གཏམ་བཤད་པ་རྣམས། Future of Tibet/fb

དེ་ཡང་གནས་ཚུལ་ལྟར་ན། བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུ་ཞིག་སྤྱི་ཟླ་༤ ཚེས་༩དང་༡༠ཉིན་གཉིས་རིང་། ཨ་རིའི་རྒྱལ་སའི་ཁུལ་དུ་ཚོགས་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་འདུག་ལ། དེ་ནི་བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག གསལ་བསྒྲགས་ནང་། ཚོགས་བཅར་བ་གྲངས་ཚད་ངེས་ཅན་ཞིག་མ་གཏོགས་མཉམ་ཞུགས་གནང་ཐབས་མེད་པར་བརྟེན་ནས་མཉམ་ཞུགས་གནང་འདོད་ཡོད་མཁན་ཚོས་ངེས་པར་དུ་དྲ་ཐོག་ཐོག་ནས་ཐོ་འགོད་གནང་དགོས་ཀྱི་ཡོད་པ་དང་། ཚོགས་འདུ་ཉིན་དང་པོའི་གཏམ་བཤད་རྣམས་དྲ་ཐོག་ནས་ཐད་གཏོང་གནང་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ནི་(www.future-of Tibet.org)་ཐོག་ནས་གཟིགས་ཐུབ་ཀྱི་ཡོད་འདུག
མ་འོངས་བོད་ཀྱི་མདུན་ལམ་འཚོལ་ཞིབ་ཞེས་པ་དེ་ནི་༢༠༢༠ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཡོ་རོབ་བོད་ཀྱི་གཞོན་ནུ་དབུ་བརྙེས་ནས་ལོ་ངོ་༥༠ཧྲིལ་པོ་འཁོར་བ་དང་བསྟུན་ནས། རྒྱ་ནག་དང་རྒྱལ་སྤྱི། བོད་ཀྱི་གནས་སྟངས་སོགས་ལ་བསམ་གཞིགས་ཀྱིས་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་ཏེ་ཐོག་མར་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་མང་པོས་རྒྱབ་སྐྱོར་ཐོབ་ཡོད་པའི་སྐོར་དང་། ད་ལྟའི་ཆར་དེར་སྣེ་ཁྲིད་གནང་མཁན་མི་བདུན་ཡོད་པ་རྣམས་ནི་བོད་དང་། རྒྱ་གར། ཡོ་རོབ། ཨ་རི་སོགས་ཀྱི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་མཚར་ལོངས་བྱུང་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཡུ་རོབ་གཞོན་ནུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་སུ་ཞབས་ཞུ་བསྒྲུབ་མྱོང་བ་རྐྱང་ཡིན་པ་དང་། ང་ཚོའི་བར་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་བསམ་ཚུལ་འཛིན་སྟངས་མི་འདྲ་བ་ཡོད་ནའང་། བོད་སྤྱི་པའི་འགན་འཁུར་དང་གཞོན་ནུའི་འགོ་ཁྲིད་ཀྱི་འདས་པའི་ཉམས་མྱོང་དང་རེ་བའི་དམིགས་ཡུལ་བཅས་ལ་ལྟ་ཚུལ་གཅིག་གྱུར་ཡོད་པ་དང་། ད་ཆ་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས། བོད་ཀྱི་གནད་དོན་དང་རྩ་དོན་འཐབ་རྩོད་ཀྱི་གནས་སྟངས་སོགས་ཕྱོགས་གང་ས་ནས་ང་ཚོའི་རྩ་དོན་སྔར་ལས་ཛ་དྲག་ཆེ་རུ་སོང་བའི་ཚོར་སྣང་ཆེན་པོ་ཡོད་མཁན་ཡང་གཅིག་མཚུངས་ཡིན་པའི་སྐོར་བཀོད་འདུག
སུད་སིར་གནས་བཞུགས་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་དང་བོད་མི་མང་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་ཀྱིས་ངོ་དེབ་ཐོག ད་རེས་ཚོགས་འདུ་ཐེངས་དང་པོ་དེ་ལེགས་འགྲུབ་ཀྱི་རྗེས་སུ། མ་འོངས་པར་ཚོགས་འདུ་གཞན་གཉིས་མུ་མཐུད་ནས་ཡོ་རོབ་དང་རྒྱ་གར་དུ་འཚོགས་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org