ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་དུ་ཕེབས་པ།
རྒྱ་གཞུང་གིས་བོད་ནང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་མི་རིགས་རང་སྐྱོངས་ཀྱི་འབྲུ་དོན་ཁག་ལག་ལེན་དོན་འཁྱོལ་གནང་དགོས།
-
2009-09-05 -
-
-
༄༅༎དེང་སྐབས་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་བའི་ཕེ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་རྒྱ་གཞུང་གིས་བོད་ནང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་མི་རིགས་རང་སྐྱོངས་ཀྱི་འབྲུ་དོན་ཁག་ལག་ལེན་དོན་འཁྱོལ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།
དེ་ཡང་ཕེ་རན་སི་གྲོས་ཚོགས་གོང་མའི་ནང་གནད་དོན་གང་ཅིའི་ཐོག་མི་མཐུན་པའི་གནས་ཚུལ་མང་དག་ཅིག་ཡོང་གི་ཡོད་ནའང་བོད་དོན་ཐད་འཐུས་མི་ཚང་མའི་གཟིགས་ཕྱོགས་དང་བློ་ཚབས་ཡོད་པ་དེ་གཅིག་མཚུངས་ཡིན་སྐོར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇོན་ཧམ་སྦ་ཊེ་ཡིས་གསུངས་འདུག ཁོང་གིས་ང་ཚོའི་ད་ཐེངས་ཀྱི་བཞུགས་སྒར་གྱི་གཟིགས་བསྐོར་འདི་ཕེ་རན་སི་མི་མང་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་ཤིག་ལས་རྒྱ་མི་ཚོར་གནོད་སྐྱོན་བཏང་ཆེད་དམིགས་མེད་ཅེས་གསུངས་འདུག ཡང་ཁོང་གིས་ང་ཚོ་རྒྱ་ནག་གི་དགྲ་བོ་མིན་པ་མ་ཟད་རྒྱ་ནག་ལ་ཕམ་ཉེས་གཏོང་རྒྱུའི་འདོད་པ་ཡང་མེད། ཡིན་ནའང་ང་ཚོས་རྒྱ་གཞུང་ལ་བོད་ནང་དེང་སྐབས་གནས་ཚུལ་ཇི་བྱུང་བཞིན་པ་དེ་ངོས་ལེན་གནང་ཐབས་འབྲལ་འདུག་ཅེས་བརྗོད་ཀྱི་ཡོད་ཅེས་གསུངས་འདུག ཡང་ཁོང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཁོ་ན་མིན་པ་དང་གནད་དོན་འདི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་པའི་སྐོར་གསུངས་འདུག དེ་བཞིན་ཁོང་གིས་ཕེ་རན་སི་མི་མང་གིས་བོད་ཀྱི་གནད་དོན་དེ་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་མི་མང་རྣམས་ཀྱིས་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་ འཚེ་བ་མེད་པའི་འཐབ་རྩོད་དེ་འཚོ་གནས་ཐུབ་མིན་ཐོག་བློ་འཚབ་ཡོད་པའི་སྐོར་གསུངས་འདུག ཡང་ཕེ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཐི་ཡེ་རི་རེ་པེན་ཀྲིན་ཡིས་འཛམ་གླིང་ཡུལ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་བོད་ལ་བསྐྱོད་ནས་བོད་མི་རྣམས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་ཇི་ལྟར་མྱོང་བཞིན་ཡོད་པའི་སྐོར་རྒྱུས་མྱོང་དགོས་པའི་འབོད་བསྐུལ་གནང་འདུག ཁོང་གིས་ཕེ་རན་སི་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་ཁག་གསུམ་བཞག་གནང་ཐུབ་པ་བྱུང་ཡོད་པ་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་བསྐྱར་ཞིབ་དང་ཤེས་རྟོགས་གོ་རྟོགས་སྤེལ་རྒྱུར་དོ་སྣང་ཤུགས་ཆེ་གནང་གི་ཡོད་སྐོར་གསུངས་འདུག ཕེ་རན་སི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཕྱི་ཚེས་ལྔ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་འདུག