དོན་གྲུབ་དབང་ཆེན་ལ་ཁྲིམས་ཞིབ་དྲང་པོ་མ་བྱུང་བར་བློ་འཚབ།

འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྒྱ་ནག་གཞུང་གིས་ཁྲིམས་བཤེར་དྲང་པོ་མ་གནང་བར་བློ་འཚབ།

༄༅༎འཇིགས་བྲལ་ཞེས་པའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ངོ་སྤྲོད་ཀྱི་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྒྱ་ནག་གཞུང་གིས་ཁྲིམས་བཤེར་དྲང་པོ་མ་གནང་བའི་གནད་དོན་ཐད་ཕེ་རན་སིའི་གཞུང་དང་འབྲེལ་ཡོད་ཡོ་རོབ་མཐུན་ཚོགས་ནས་བློ་འཚབ་ཡོད་པའི་སྐོར་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ནས་གསལ་སྟོན་གནང་ཡོད་པ་དང་འབྲེལ་ ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྲོས་མོལ་གནང་སྐབས་དེའི་སྐོར་འཐུད་ཤོར་མེད་པར་གནད་དོན་གླེང་སློང་གནང་འཆར་ཡོད་ཅེས་ཁ་ས་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་སྦར་ན་ཌེ་ཀུ་ཆར་ཡིས་གྲོས་ཚོགས་འཐུས་མི་ཁི་རི་ཤེན་ཀ་ཊེ་གི་ཕྱག་བྲིས་ལ་ཡིག་ཐོག་བཀའ་ལན་གནང་ཡོད་པ་རེད་    རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལ་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་འཚེ་བཟོ་མཁན་ཡིན་ལུགས་ཉེས་བཙུགས་བྱས་ནས་ཕྱི་ལོ་༢༠༠༨ཀྱི་ཕྱི་ཟླ་༣པའི་ནང་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་དང་ཁོང་གི་ཁྱིམ་ཚང་གིས་ཁོང་སྲུང་སྐྱོབ་ཀྱི་ཆེད་འཚོལ་བའི་རྒྱ་རིགས་ཁྲིམས་རྩོད་པ་ཁོང་ཉིད་ལའང་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་ཏེ་དོན་གྲུབ་དབང་ཆེན་ལགས་ཀྱི་ཁྲིམས་རྩོད་པ་བྱ་རྒྱུ་ཕྱིར་འཐེན་བྱེད་བཅུག་ཡོད་པ་རེད་ གནས་ཚུལ་ཐོན་ཁུངས་ལྟར་བྱས་ན་བཙོན་ཁང་ནང་དོན་གྲུབ་དབང་ཆེན་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པར་བརྟེན་ཁོང་གི་བཟའ་ཟླ་ལྷ་མོ་མཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་ལ་གཟིགས་རྟོགས་ཀྱིས་རོགས་སྐྱོར་ཡོང་བའི་རེ་འདུན་ཤུགས་ཆེ་ཞུ་བཞིན་ཡོདཔ་དང་གནད་དོན་དེ་དང་འབྲེལ་ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁི་རི་ཤེན་ཀ་ཊེ་ཡིས་  ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་གནད་དོན་དེའི་ཐད་ཐུགས་འཁུར་ཡོང་བའི་ཕྱག་བྲིས་གནང་བའི་བཀའ་ལན་དུ་ཕྱི་སྲིད་བློན་ཆེན་མཆོག་ནས་  ཁོང་གི་ལས་ཁུངས་ནས་གནད་དོན་དེར་མུ་མཐུད་ཐུགས་འཁུར་གནང་བཞིན་ཡོད་པའི་སྐོར་ཕྱག་བྲིས་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org