རྒྱུ་མཚན་ཡང་དག་མེད་པར་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་གློད་བཀྲོལ་གཏོང་དགོས། ལྕམ་ཨཛ་ར་ཛེ་ཡ།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛེ་ཡ་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གི་བཙོན་འཇུག་འོག་ནས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
- 2023-10-31
-
-
-
Your browser doesn’t support HTML5 audio
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛེ་ཡ་ལགས་ཀྱིས་སྤྱི་ཚོགས་དྲ་རྒྱ་X ཞེས་དེ་སྔོན་ Twitter ཞེས་པ་མིང་བརྗེ་བསྒྱུར་བྱས་པའི་གླེང་སྟེགས་བརྒྱུད་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་གློད་བཀྲོལ་གཏོང་དགོས་པའི་སྐུལ་མ་གནང་འདུག ཁོང་གིས་X བརྒྱུད་ལམ་ཐོག་འདས་པའི་ལོ་གསུམ་གྱི་གོང་ལ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཞི་བའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་བར་རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ཁོང་ལ་ལོ་བཅུའི་རིང་བཙོན་འཇུག་གིས་ཁྲིམས་ཐག་བཅད་པ་རེད་ཅེས་དང་ད་ཆ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སོང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་སྐོར་ཨ་མེ་རི་ཀས་འབོད་སྐུལ་ཡང་བསྐྱར་གནང་གི་ཡོད་ཅེས་བཀོད་གནང་བ་མ་ཟད། ཨ་རིས་བོད་མི་དམངས་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་དུ་ནན་བརྗོད་བྱེད་ཀྱི་ཡོད་ཅེས་བཀོད་གནང་འདུག
ལྕམ་ཨཛ་ར་ཛེ་ཡ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་སྐུ་པར་བཀོད་གནང་སྟེ་སྒོ་ཤེས་རབ་རྒྱ་མཚོ་འཕྲལ་དུ་གློད་བཀྲོལ་དགོས་པའམ། རྒྱུ་མཚན་ཡང་དག་མེད་པར་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་གློད་བཀྲོལ་གཏོང་དགོས་ཅེས་བཀོད་གནང་འདུག བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་བོད་མདོ་སྨད་རྔ་པ་ཁུལ་ནས་ཡིན་པའི་བོད་པའི་དགེ་འདུན་པ་དང་མཁས་པ་གྲགས་ཅན་ཞིག་ཡིན་ཞིང་། ཕྱི་ལོ་༢༠༢༠ ཟླ་༡༠ ཚེས་༢༦ ཉིན་རྒྱ་མིའི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་གསང་བའི་ཐོག་ནས་ཁྲིམས་བཤེར་བྱས་ནས་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་གཅད་པ་ནས་བཟུང་ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་ཞིག་གི་ནང་བཙོན་འཇུག་བྱེད་མུས་ཡིན་པས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་རྣམས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁོང་གི་སྐོར་ལ་ཐུགས་འཚབ་ཡོད་པ་དང་ཁོང་བཙོན་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་འདུག
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༡༩༩༨ལོ་དང་༢༠༠༨། ཕྱི་ལོ་༢༠༡༡དང་༢༠༢༠ལོ་བཅས་ཐེངས་བཞི་ལ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༩༨ལོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པའི་སྐབས། ཁོང་གིས་ཕར་ཕྱིན་དམ་བཅའ་བཞག་སྐབས་ཀིརྟི་དགོན་གྱི་འདུ་ཁང་གི་མདུན་ངོས་སུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་བཤམས་པར་བརྟེན། འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་ཡོད་པ་རེད།
དེའི་རྗེས་སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་སོགས། རྗེས་སུ་ཐེངས་ཁ་ཤས་ཉེས་འཛུགས་སོགས་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་ཚོས་གནད་དོན་དེ་ནི་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོ་བོ་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ནང་བསྟན་ཆོས་ལུགས། བོད་ཀྱི་རིག་གནས་དང་འབྲེལ་བའི་ཕྱག་ལས་གནང་བའི་རྐྱེན་གྱིས་ཡིན་པར་དྭོགས་གཞི་བྱེད་བཞིན་ཡོད་པ་རེད། སྒོ་ཤེས་རབ་རྒྱ་མཚོ་ལགས་དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་རེད།
གསར་འགོད་པ། སེངྒེ་རི་བསོད་རྣམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།