༸གོང་ས་མཆོག་དང་མཇལ་འཕྲད་དགོས་པའི་སྙན་ཞུ།
ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་འཛིན་Francios Hollandeམཆོག་ལ་ཞུ་སྙན་ཞིག་འཕུལ་ཡོད་པ།
-
2016-09-01 -
-
-
༄༅༎ཟླ་བ་འདིའི་ཚེས་ ༡༢ ནས་ ༡༩ བར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སིར་ཆིབས་སྒྱུར་བསྐྱང་སྐབས་ཕ་རན་སིའི་སྲིད་འཛིན་ Francois Hollande མཆོག་ནས་མཇལ་འཕྲད་གནང་དགོས། ཞེས་ཡུལ་དེར་རྟེན་གཞི་བྱས་པའི་བོད་རང་བཙན་ཚོགས་པ་གཙོ་བོར་གྱུར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་ཤུ་ལྷག་ཙམ་གྱིས་སྲིད་འཛིན་མཆོག་ལ་ཞུ་སྙན་ཞིག་ཕུལ་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། གོང་ཞུས་ཞུ་སྙན་དེའི་ནང་ཞི་བདེའི་མཚོན་རྟགས་དང་ཆོས་ལུགས་མཐུན་སྒྲིལ་མཛད་མཁན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་ Francois Hollande རྣམ་གཉིས་མཇལ་འཕྲད་ཀྱིས་མང་ཚོགས་མདུན་དུ་ཉེ་ལམ་ཡུལ་དེའི་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དཀའ་སྡུག་མྱོང་བཞིན་པའི་ཕ་རན་སིའི་མི་མང་ལ་ཞི་བདེ་དང་མཛའ་མཐུན། དེ་བཞིན་རྒྱལ་ཁབ་ཀྱི་མཛེས་སྡུག་སླར་གསོ་ཆེད་མི་མང་ལ་བློ་སྟོབས་སྤེལ་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཕ་རན་སིའི་སྲིད་འཛིན་ Nicolas Sarkozy མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད། ཉེ་ཆར་ཨ་རིའི་སྲིད་འཛིན་ Barrack Obama མཆོག་ནས་ཀྱང་ཨ་རིའི་ཕོ་བྲང་དཀར་པོའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ནས་མཇལ་མོལ་གནང་ཡོད་པར་བརྟེན། ཐེངས་འདིར་ཕ་རན་སིའི་སྲིད་འཛིན་མཆོག་ནས་ཀྱང་འཛམ་གླིང་གི་དབུ་ཁྲིད་གཞན་ལྟར་བོད་དོན་བདེན་མཐའ་གསལ་ཆེད་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་སྐྱར་གསོ་གང་མགྱོགས་བྱེད་དགོས་པའི་རེ་འདུན་འདོན་དགོས་པ་དང༌། དེ་བཞིན་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་མཚོན་རྟགས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་ཕན་ཚུན་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་དང་ཆོས་པའི་དབར་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་འཆམ་མཐུན་གྱི་གནས་སྟངས་ཤིག་བསྐྲུན་ཐབས་མཛད་བཞིན་པར་བརྟེན། ཟླ་བ་འདིའི་ཚེས་ ༡༢ ནས་ ༡༩ བར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕ་རན་སིའི་རྒྱལ་ས་ Paris དང་གྲོང་ཁྱེར་ Strasbourg ཏུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ་ལྟར། ཁོང་གི་བཀའ་སློབ་ལམ་སྟོན་འོག་ང་ཚོའི་སྤྱི་ཚོགས་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཞི་བདེ་བརྟན་ལྷིང་ཡོང་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པར་ཡིད་ཆེས་ཡོད་ཅེས་བཀོད་ཡོད་འདུག།