༄༅༎ཕེ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་སྦར་ནའདྲ་ལྦ་ལེ་རོ་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ཉེ་སྔོན་བོད་ནང་བོད་མི་སེར་སྐྱ་༡༧གྱིས་སྔ་ཕྱིར་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གནང་བའི་གནད་དོན་ཐད་ ཕེ་རན་སིའི་གཞུང་གིས་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་ཡོད་པ་མ་ཟད་ རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་ རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་གྱི་འོག་བོད་མི་ཚོ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག ཡང་སྐབས་དེར་ཁོང་གིས་གསུང་བར་ བོད་མི་སྐྱ་སེར་དེ་དག་འུ་ཐུག་ཐབས་ཟད་པའི་གནས་སྟངས་ཆགས་པའི་རྐྱེན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་ཐུག་པ་ཡིན་ཞིང་ ཕེ་རན་སི་གཞུང་གིས་རྒྱ་ནག་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་ སྐད་ཡིག་ འགྲོ་བ་མིའི་ཐོབ་ཐང་སོགས་ལ་གུས་བརྩི་ཞུ་དགོས་པ་ནན་སྐུལ་ཞུ་རྒྱུ་མ་ཟད་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ བོད་རྒྱ་ཕྱོགས་གཉིས་ཀྱིས་གྲོས་མོལ་གནང་སྟེ་ གཉིས་ཕན་དབུ་མའི་ལམ་གྱི་ཐབས་ལམ་ཉག་གཅིག་ཡོད་པ་དེ་བརྒྱུད་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་སྲུང་སྐྱོབ་བྱེད་དགོས་གསུང་ཡོད་པ་དང་ གཞན་ཡང་ཁོང་གིས་ཕེ་རན་སི་གཞུང་གིས་དེང་སྐབས་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་ ཕེ་རན་སི་གཞུང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་གྲོས་མོལ་ནམ་བྱུང་་གོ་སྐབས་བཟུང་སྟེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཅེས་གསུང་ཡོད་འདུག