བྲག་མགོ་རྫོང་གི་མི་མང་ལ་དྲག་གནོན་རྩུབ་སྤྱོད་དང་ལྷ་སྐུ་དང་སློབ་གྲྭ་གཏོར་བཤིག་གཏོང་མཁན་གཏེ་བོ་དམར་ཤོག་དྲུང་ཆེ་བརྗེ་བོ་བརྒྱབ་སྟེ་ཆབ་སྲིད་དང་འབྲེལ་བ་མེད་པའི་གོ་གནས་ཤིག་ཏུ་འཕོ་འགྱུར་བཏང་འདུག
བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཏུང་ཧྲིན་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་ཡོད་འདུག
- 2023-04-11
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་བྲག་མགོ་རྫོང་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་། དགོན་པའི་སློབ་གྲྭ་རྩ་མེད་བཟོ་མཁན། དེ་བཞིན་མི་མང་ལ་གང་བྱུང་དྲག་གནོན་དང་གདུག་རྩུབ། འཛིན་བཟུང་སོགས་བྱེད་མཁན་བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཏུང་ཧྲིན་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་སྟེ། ཆབ་སྲིད་དང་འབྲེལ་བ་མེད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚན་རིག་ལག་རྩལ་ཁང་གི་མགོ་གཙོར་བསྐོ་གཞག་བྱས་ཡོད་པ་བོད་ཕྱི་ནང་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།
ཝང་ཏུང་ཧྲིན་གྱིས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠ནས་བཟུང་བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེའི་ལས་འགན་བླངས་ཤིང་། ཟླ་བ་དེ་རང་གི་ནང་བྲག་མགོ་དགོན་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་གཏོར་བཏང་པ་དང་། བྲག་མགོ་དགོན་གྲོང་གཉིས་ཐོུང་གིས་བཞེངས་པའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་རྨིས་༩༩ཅན་གཏོར་བཤིག་བཏང་ཡོད་པ་རེད། གནས་ཚུལ་འདི་དག་དགོན་པའི་གྲྭ་བ་དང་མི་མང་ཁྲོད་ནས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ནག་ཉེས་འོག་ས་ཁུལ་དེའི་མི་གྲངས་བཅུ་ཙམ་འཛིན་བཟུང་བྱས་པར་མ་ཟད། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡ནང་ནང་བྲག་མགོ་ཆ་ནང་དགོན་པའི་གུ་རུའི་སྐུ་བརྙན་བཞེངས་སྒྲུབ་ཟིན་པ་ཞིག་ཡོད་དེ་མཐོ་དྲག་སྐོར་བརྗོད་ནས་རྩ་གཏོར་བཏང་བ་སོགས་བོད་མིའི་ཆོས་དད་ལ་གནོད་གཞི་ཆེ་བའི་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་བས། ཝང་ཏུན་ཧྲིན་གྱིས་བྲག་མགོའི་ས་གནས་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་མང་པོས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཝང་ཏུང་ཧྲིན་སྔར་ལོའི་ཕྱི་ཟླ་༨ཙམ་ནས་བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་འདུག་པ་དང་། ཡོ་རོབ་སི་པེན་དུ་བཅའ་ཞུགས་བོད་རྒྱའི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། ཝང་ཏུང་ཧྲིན་གོ་གནས་སྤར་ཡང་ཆབ་སྲིད་རང་བཞིན་གྱི་དབང་ཆ་ཆུང་དུ་ཕྱིན་པར་ངོས་འཛིན་གནང་གི་འདུག་ལ། ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། བོད་ཀྱི་ས་ཁུལ་ནང་བོད་མིའི་ཐོག་དམ་དྲག་ཇི་ཙམ་ཤུགས་ཆེ་བ་བྱས་པ་དེས་དཔོན་རིགས་དེ་དག་གི་གོ་གནས་སྤར་བའི་ལམ་ལུགས་ཤིག་ཡོད་པ་དེ་ཝང་ཏུང་ཧྲིན་ལ་ཡང་བྱུང་ཡོད་པར་ཡིད་ཆེས་གནང་གི་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཝང་ཏུན་ཧྲིན་གྱི་བརྗེ་ཚབ་ཏུ་རྒྱ་ནག་གཞུང་གིས་བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེར་དེ་སྔ་བྲག་མགོ་རྫོང་དམར་ཤོག་ཚོགས་པའི་རྒྱུན་ལས་ཡིན་པ་རྒྱ་རིགས་ལེའུ་ཧྥང་(李峰)ཟེར་བ་དེ་བསྐོ་བཞག་བྱས་འདུག་ཅིང་། བྲག་མགོ་རྫོང་གི་ནང་མཐོ་རིམ་མགོ་ཁྲིད་༡༢ཡོད་པ་ལས། རྫོང་དཔོན་དང་དམར་ཤོག་དྲུང་ཆེ་གཙོས་མགོ་ཁྲིད་མཐོ་ཤོས་༨དེ་རྒྱ་རིགས་དང་། འོག་ཏུ་ལས་ཀ་གཉེར་མཁན་༤བོད་རིགས་ཡིན་འདུག་ལ། བོད་ནས་བོད་མི་གནས་ཚུལ་མཁོ་སྤྲོད་པ་དེས། བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེ་གསར་པ་སླེབས་རྗེས། ས་ཁུལ་གྱི་ནང་དམ་དྲག་དང་དྲག་གནོན་གྱི་སྲིད་བྱུས་ཅུང་ཞི་འཇམ་དུ་ཕྱིན་ཡོད་པ་འགྲེལ་བརྗོད་བྱྱས་བྱུང་ལ། གལ་སྲིད་ཆབ་སྲིད་དང་འབྲེལ་བའི་ལས་ཀ་མངོན་གསལ་དོད་པོ་མ་བྱས་ཚེ། ཝང་ཏུན་ཧྲིན་གྱི་གནས་སྐབས་དང་མི་འདྲ་བར་མི་གང་བྱུང་འཛིན་བཟུང་དོ་དམ་སོགས་བྱེད་ཀྱི་མེད་པ་རེད་འདུག
ཝང་ཏུང་ཧྲིན་ཟེར་བ་ནི་ཁོ་པའི་རྒྱ་མིང་ཡིན་པ་ལས་དོན་དུ་ཁོ་པ་ཉག་རོང་ནས་ཡིན་པའི་བོད་རིགས་ཤིག་ཡིན་འདུག་ཅིང་། ཁོས་དེ་སྔ་ཕྱི་ལོ་༢༠༡༦ལོར་གསེར་རྟ་རྫོང་གི་དམར་ཤོག་དྲུང་ཆེ་བྱས་སྐབས། བླ་རུང་ཆོས་སྒར་གྱི་གྲྭ་ཤག་༤༥༠༠ཙམ་གཏོར་བ་དང་། དེ་རྗེས་ཕྱི་ལོ་༢༠༡༧ལོར་གྲྭ་ཤག་༣༢༢༥ཙམ་གཏོར་བཤིག་བཏང་ཡོད་པ་རེད་ལ། ཡང་ཕྱི་ལོ་༢༠༡༧ལོར་བླ་རུང་ཆོས་སྒར་དུ་ཡོད་པའི་ཕྱོགས་མཐའ་ཁག་གི་གྲྭ་བཙུན་༣༧༢༩ཕྱིར་འབུད་བྱས་ཤིང་། སླར་ཡང་ཕྱི་ལོ་༢༠༡༨ལོར་གྲྭ་བཙུན་༨༩༥བཅས་བླ་རུང་ཆོས་སྒར་ནས་བཙན་ཕུད་བཏང་མཁན་དེ་ཡིན་པ་རེད། ཕྱི་ལོ་༢༠༡༦ཟླ་༡༢པའི་ནང་ཝང་ཏུན་ཧྲིན་གསེར་རྟ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོ་བཞག་བྱས་པ་དང་དེ་རྗེས་གསེར་རྟ་རྫོང་གི་རྫོང་དཔོན་དུ་བསྐོ་བཞག་བྱས་ཤིང་། གོ་གནས་དེའི་ཐོག་ཕྱི་ལོ་༢༠༢༡ལོ་བྲག་མགོ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེར་མ་བསྐོས་བར་གནས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཁོ་པ་དེ་སྔོན་རྒྱ་ནག་གི་སྐབས་བཅུ་པ་དང་བཅུ་གསུམ་པའི་རྒྱལ་ཡོངས་ཚང་འཛོམས་གྲོས་ཚོགས་ཟེར་བར་དཀར་མཛེས་ཁུལ་གྱི་འཐུས་ཚབ་ཚོགས་མིར་ཆེད་གཏོང་བྱས་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།