ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ཟུར་པ་འབེན་པ་སྟོབས་རྒྱལ་ལགས་དགོངས་པ་རྫོགས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ཟུར་པ་དང་། འགན་འཛིན་གཞོན་པ་ཟུར་པ། དེ་བཞིན་སྤྱི་ཁྱབ་བཀོད་བསྡོམས་པའི་འགན་འཁུར་བཞེས་ཏེ་ལོ་ངོ་ ༢༦ རིང་གསར་འགོད་གྱི་ལས་འགན་སྣ་ཚོགས་ཐོག་ནས་ཞབས་ཞུ་གནང་མྱོང་བའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གསར་འགོད་པ་བགྲེས་གྲས་འབེན་པ་སྟོབས་རྒྱལ་ལགས་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགུང་གྲངས་ ༧༤ ཐོག་དགོངས་པ་རྫོགས་འདུག
- 2024-03-30
-
-
-
Your browser doesn’t support HTML5 audio
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཐོག་མར་གསར་འཛུགས་གནང་པའི་སྐབས་ནས་ཕྱག་ལས་གནང་སྟེ་གསར་འགོད་པ་དང་། རྩོམ་སྒྲིག་འགན་འཛིན། འགན་འཛིན་ལས་ཚབ། འགན་འཛིན་གཞོན་པ། སྤྱི་ཁྱབ་བཀོད་བསྡོམས་པ་བཅས་ཀྱི་འགན་འཁུར་བཞེས་མྱོང་མཁན་འབེན་པ་སྟོབས་རྒྱལ་ལགས་བསྙུན་གཞིས་རྐྱེན་པས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འདབས་ཝིར་ཇི་ནི་ཡའི་རང་གི་བཞུགས་གནས་སུ་ལུས་ལ་ན་ཚ་དྲག་པོ་མེད་པར་ཞི་ལྷོད་ངང་ནང་མི་བུ་ཕྲུག་ཚང་འཛོམས་སར་ ༢༠༢༤ ཟླ་ ༣ ཚེས་ ༣༠ རེས་གཟའ་སྤེན་པའི་སྔ་དྲོ་ཕྱག་ཚོད་ ༣ པ་ཙམ་ལ་དགོངས་པ་རྫོགས་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབེན་པ་སྟོབས་རྒྱལ་ལགས་ནི་ཡུན་རིང་དགེ་རྒན་གྱི་ཕྱག་ལས་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་རིང་ཐུགས་གཤིས་འཇམ་ལ་མཐོ་དམན་ཀུན་ལ་འབྲེལ་ལམ་བཟང་བའི་ལས་བྱེད་པ་མི་གཤིས་བཟང་པོ་ཞིག་ཡིན་པ་རྗེས་དྲན་དང་སྦྲགས། ཁོང་གི་ཤུལ་ལུས་ནང་མི་བུ་ཕྲུག་ཚོར་ཐུགས་གསོ་གནང་འདུག
འབེན་པ་སྟོབས་རྒྱལ་ལགས་དམ་པ་ཁོང་ཕྱི་ལོ་ ༡༩༥༠ ཐམ་པའི་ལོར་བོད་ཀྱི་ལྷོ་ཁ་མངའ་ཁུལ་གྱི་ལྷོ་བྲག་འབེན་པ་ཞེས་པའི་ས་གནས་སུ་འཁྲུངས་ཞིང་། ཆུང་དུས་བོད་མི་གཞན་དང་གཅིག་མཚུངས་ཀྱི་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་པའི་རྗེས་མ་སུ་རི་གཏན་སློབ་ཏུ་གཞི་རིམ་དང་། འབྲིང་རིམ་སློབ་གྲྭ་ཐར་སོན་གནང་བ་དང་། རྒྱལ་ས་ལྡི་ལིའི་ St Stephen College མཐོ་རིམ་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པ་ (Master’s Degree) ཐོན་ཞིང་། དགེ་རྒན་འོས་སྦྱོང་གི་སློབ་གཉེར་ཆ་ཚང་ཐར་སོན་གནང་བའི་མཚམས་སུ་ཕྱི་ལོ་ ༡༩༧༦ ལོར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་ནང་༧སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་ཀྱིས་ཆེད་མངགས་བཀའ་འགུག་གནང་བ་ལྟར་དགེ་རྒན་གྱི་ཕྱག་ལས་གནང་སྟེ། སིམ་ལ། ཌལ་ཧོར་། ཀོ་ལི་གྷལ། མ་སུ་རི་སོགས་སློབ་གྲྭ་ཁག་ཅིག་གི་དགེ་རྒན་གནང་པ་དང་། མོན་གྷོ་དང་། སོ་ན་རྡ་བཅས་པའི་སློབ་གྲྭར་སློབ་སྦྱིའི་ཐུགས་འགན་བཞེས་པ་སོགས་ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་ནང་ཞབས་འདེགས་ཞུས་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་ནང་བོད་མི་ཆིག་སྟོང་ཐམ་པ་གཞིས་སྤོ་བྱས་པའི་ཁོངས་སུ་ཕེབས་པ་དང་། ཕྱི་ལོ་ ༡༩༩༦ ལོ་མཇུག་ཙམ་ལ་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་། ཐོག་མར་གསར་འགོད་པ་དང་དེ་ནས་རིམ་བཞིན་ཐེགས་པ་རིམ་འཛེགས་ཀྱིས་རྩོམ་སྒྲིག་འགན་འཛིན་དང་། འགན་འཛིན་གཞོན་པ། སྤྱི་ཁྱབ་བཀོད་བསྡོམས་པ། འགན་འཛིན་གྱི་ལས་ཚབ་བཅས་ལོ་ངོ་ ༢༦ ཙམ་གྱི་རིང་ཞབས་ཞུ་གནང་སྟེ་མཐའ་མར་ཕྱི་ལོ་ ༢༠༢༢ ལོར་བགྲེས་ཡོལ་མ་ཕེབས་བར་སྤྱི་ཁྱབ་བཀོད་བསྡོམས་པའི་ཐུགས་འགན་བཞེས་ཡོད་པ་རེད།
པར་དབང་། དགེ་ལེགས་དབང་ཆེན།
དེ་དང་ཕྱོགས་མཚུངས་འདི་ག་རྒྱལ་སའི་མངའ་ཁུལ་དུ་འཚོ་རྟེན་གྱི་ལས་གནས་ཙམ་མ་ཡིན་པར་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཀྱི་ཐུགས་འགན་ཡང་བཞེས་པ་སོགས་སྐུ་ཚེ་ཧྲིལ་པོར་རྒྱ་གར་དང་ཨ་རི་བཅས་ཀྱི་ནང་ལྷག་བསམ་རྣམ་དག་སྒོ་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་གནང་མཁན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད།
འབེན་པ་སྟོབས་རྒྱལ་ལགས་དམ་པ་དེར་ཤུལ་ལུས་སྐུ་ཟླ་བདེ་སྐྱིད་ལགས་དང་། བོུ་སྒྲོལ་དཀར་ལྷ་མོ་ལགས། བུ་བྱམས་པ་སྨོན་ལམ་ལགས། བུ་ཆུང་བ་དགེ་ལེགས་དབང་ཆེན་ལགས་བཅས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་དམ་པ་ཁོང་དང་ཆུང་དུས་ནས་འཛིན་གྲོགས་ཡིན་ཐོག ནང་མི་ཕན་ཚན་རྒྱུན་རིང་ཉེ་འབྲེལ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དང་རླུང་འཕྲིན་ཁང་གི་ནང་དུ་འབེན་པ་སྟོབས་རྒྱལ་ལགས་དང་ལྷན་ཡུན་རིང་ཕྱག་ལས་མཉམ་དུ་གནང་མྱོང་བ་གསར་འགོད་པ་བགྲེས་པ་ཟུར་པ་ཟུར་ཁང་ཀརྨ་རྒྱ་མཚོ་ལགས་ཀྱིས། འབེན་པ་སྟོབས་རྒྱལ་ལགས་དམ་པ་ཁོང་ནི་མི་གཤིས་རྒྱུད་དུལ་ཞིང་གཞན་སེམས་ཤིན་ཏུ་ནས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་བཙན་བྱོལ་སློབ་གྲྭའི་ནང་དུ་ཤེས་ཡོན་སྦྱང་འབྲས་རྩེད་ཕུད་རྐྱང་སོན་མཁན་ཡིན་པ་དང་སློབ་མཐར་སོན་ཐོན་རྗེས་བཙན་བྱོལ་སྤྱི་ཚོགས་ནང་མི་ཚེ་ཧྲིལ་པོ་ཞབས་འདེགས་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་པའི་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བྱུང་།
གསར་འགོད་པ། སྐལ་ལྡན་བློ་གྲོས། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།