རྒྱ་ནག་ཏུ་ཁྲིམས་རྩོད་པའི་ལག་འཁྱེར་བསྐྱར་གསོའི་དཀའ་ངལ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ལ་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པའི་ལག་འཁྱེར་བསྐྱར་གསོ་བྱེད་རྒྱུར་དཀའ་ངལ།

༄༅༎རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ལ་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་ཀྱི་ཁྲིམས་རྩོད་ལག་འཁྱེར་བསྐྱར་གསོ་བྱེད་རྒྱུར་དཀའ་ངལ་སྤྲོད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གི་ཁྲིམས་རྩོད་ལག་འཁྱེར་བསྐྱར་གསོ་བྱ་རྒྱུར་དཀའ་ངལ་སྤྲོད་ཡུལ་གྱི་ཁྲིམས་རྩོད་པ་གཙོ་བོ་ཞིག་ཁམས་དཀར་མཛེས་བླ་མ་ཕུར་བུ་ཚེ་རིང་རིན་པོ་ཆེའི་ཁྲིམས་རྩོད་པ་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་ཐང་ཐེན་དབྱོང་ལ་དཀའ་ངལ་སྤྲོད་བཞིན་ཡོད་འདུག

རྒྱ་ནག་ནང་ཁྲིམས་རྩོད་པ་རྣམས་ལ་ཁྲིམས་རྩོད་ལས་འཁུར་ཞུ་ཆོག་པའི་ཐད་ལོ་ལྟར་ཕྱི་ཟླ་དྲུག་པའི་ཚེས་གཅིག་ལ་གཞུང་ནས་ཁྲིམས་རྩོད་པའི་ལག་འཁྱེར་བསྐྱར་གསོ་བྱེད་དགོས་ཀྱི་ཡོད་པ་ལྟར་ད་ལྟ་དུས་ཡུན་དེ་རན་པའི་མཚམས་སུ་རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཞིང་པའི་བདེ་དོན་སོགས་ལ་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་ལས་ཀ་བྱ་ཡུལ་གྱི་ཁྲིམས་ཀྱི་ལས་ཁུངས་ཁག་ལ་ཁྲིམས་རྩོད་པ་ཁོང་རྣམས་ལ་སློབ་གསོ་དགོས་པ་དང་དེ་ལྟར་འགྱུར་བ་མ་བྱུང་ཚེ་ཁོང་རྣམས་ཀྱི་ཁྲིམས་རྩོད་ཀྱི་ལག་འཁྱེར་བསྐྱར་གསོ་བྱ་རྒྱུར་དཀའ་ངལ་སྤྲད་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་རྒྱ་ནག་གཞུང་གི་གནང་ཕྱོགས་དེས་རྒྱ་ནག་ནང་ཁྲིམས་ལུགས་དྲང་བདེན་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

བོད་ཀྱི་བླ་ཆེན་ཕུར་བུ་ཚེ་རིང་རིན་པོ་མཆོག་ལ་རྒྱ་ནག་གཞུང་གིས་སྔ་ལོ་ཁམས་དཀར་མཛེས་ཁུལ་གྱི་གྲྭ་བཙུན་ཁག་ལ་ངོ་རྒོལ་བརྒྱུད་སྐུལ་དང་རིན་པོ་ཆེ་མཆོག་གིས་གོ་མཚོན་ཉར་འཇོག་བྱས་པ་སོགས་ཀྱི་མ་ཉེས་ཉེས་བཙུགས་ལ་སྲུང་སྐྱོབ་ཆེད་ཁྲིམས་རྩོད་གནང་མཁན་ཁྲིམས་རྩོད་པ་ཐང་ཐེན་དབྱོང་གིས་གལ་ཏེ་གཞུང་གིས་རེས་གཟའ་ཉི་མའི་ནང་ཚུད་ཁོང་གི་ཁྲིམས་རྩོད་པའི་ལག་འཁྱེར་བསྐྱར་གསོ་མ་གནང་བ་ཡིན་ན་ཁོང་ལ་ཁྲིམས་རྩོད་ལས་འཁུར་ཞུ་རྒྱུའི་ཐོབ་ཐང་མེད་པ་ཆགས་ཀྱི་ཡོད་པའི་སྐོར་ངོ་སྤྲོད་གནང་གི་ཡོད་པ་ཨེ་པི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་གནས་ཚུལ་སྤེལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org