རྒྱ་ནག་ཀན་སུའུ་རུ་རྫས་འགྱུར་བཟོ་གྲ་ཞིག་ལ་འབར་གས།
རྒྱ་ནག་གི་ནུབ་བྱང་ཀན་སུའུ་ཞིང་ཆེན་ནང་དུ་རྫས་འགྱུར་གྱི་བཟོ་གྲ་ཞིག་འབར་གས་བྱུང་སྟེ་ཁྱོན་མི་གྲངས་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
-
2010-01-08 -
-
-
༄༅༎རྒྱ་ནག་གི་ནུབ་བྱང་ཀན་སུའུ་ཞིང་ཆེན་ནང་དུ་རྫས་འགྱུར་གྱི་བཟོ་གྲ་ཞིག་འབར་གས་བྱུང་སྟེ་དེ་རིང་རེས་གཟའ་པ་སངས་བར་ཁྱོན་མི་གྲངས་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང། གཅིག་རྙེད་སོན་བྱུང་མེད་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་རིང་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ས་ལན་ཀྲུའུ་ཡི་བདེ་འཇགས་ལས་ཁུངས་ཀྱི་དཔོན་རིགས་ལྦན་ཤིན་ཅན་གྱིས། མི་ལྔའི་ཕུང་པོ་རྫས་འགྱུར་འབར་གས་བྱུང་ཡུལ་གྱི་ས་གནས་ནས་རྙེད་སོན་བྱུང་ཡོད་ལུགས་དང། རྨས་སྐྱོན་ཚབས་ཆེ་ཕོག་པའི་མི་གཅིག་དང། ཕྲན་བུ་རྨས་སྐྱོན་བྱུང་བའི་མི་ལྔ་སྨན་ཁང་དུ་སྨནབཅོས་བྱེད་མུས་ཡིན་པ་དང། གཞན་ཡང་མི་དགུ་སྨན་ཁང་གི་ལྟ་རྟོགས་འོག་བཞག་ཡོད་ལུགས་དང། ད་དུང་ཁོང་ཚོས་ལས་བཟོ་བའི་མིང་གཞུང་བཤེར་བའི་སྐབས་མི་གཅིག་རྙེད་སོན་བྱུང་མེད་པ་ཤེས་རྟོགས་བྱུང་བ། ད་ཆ་འབར་གས་བྱུང་ཡུལ་གྱི་མེ་སྐྱོན་བཀག་འགོག་ཐུབ་ཡོད་ཚུལ་སོགས་བཤད་ཡོད་པ་རེད།
རྫས་འགྱུར་བཟོ་གྲར་འབར་གས་ཀྱི་དོན་རྐྱེན་དེ་ནི། ཀན་སུའུ་ཞིང་ཆེན་གྱི་རྒྱལ་ས་ལན་ཀྲུའུ་ཡི་ཉེ་འཁྲིས་སུ་ཡོད་པའི་རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་མཉམ་འབྲེལ་ལས་ཁང་གིས་གཉེར་བཞིན་པའི་ལན་ཀྲུའུ་རྫས་འགྱུར་བཟོ་གྲ་དེར་རེས་གཟའ་ཕུར་བུའི་ཉིན་འབར་གས་བྱུང་བ་ཡིན་ཞིང། འབར་གས་ཀྱི་དོན་རྐྱེན་དེའི་ནང་དུ་འདས་གྲོངས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པའི་མི་ཚང་མ་བཟོ་གྲ་དེའི་ལས་མི་ཤ་སྟག་ཡིན་པ་རེད།
རྫས་འགྱུར་བཟོ་གྲ་དེར་འབར་གས་བྱུང་བའི་སྐབས་ཐོག་མར་འབྱུང་རྐྱེན་ནི། རྡོ་སྣུམ་བླུགས་སྣོད་གས་ཆགས་བྱུང་བར་བརྟེན་ནས་ཡིན་པ་ངོས་འཛིན་བྱས་ཡོད་ཀྱང་ད་ཆ་ཉེན་རྟོག་པས་དོན་རྐྱེན་དེའི་འབྱུང་རྩ་གཙོ་བོ་གང་ཡིན་པ་ཞིབ་འཇུག་བྱེད་མུས་ཡིན་ཞིང། རྫས་འགྱུར་བཟོ་གྲ་དེ་ནི་རྒྱལ་ས་ལན་ཀྲུའུ་ནས་ཀི་ལོ་མི་ཊར་༣༠མཚམས་སུ་འཛུགས་སྐྲུན་བྱས་ཡོད་པ་དང། བཟོ་གྲའི་ཉེ་འཁྲིས་སུ་ས་གནས་ཡུལ་མིའི་སྡོད་ཁང་ཡོད་ཀྱང་བཟོ་གྲའི་ཉེ་འཁོར་དུ་གནས་སྡོད་མི་དམངས་ལ་གནོད་འཚེ་གང་ཡང་བྱུང་མེད་པའི་སྐོར་བཤད་ཡོད་པ་རེད།