བོད་ཀྱི་ཆོས་བརྒྱུད་ཁག་འཆམ་མཐུན་ངང་གནས་གལ་ཆེ།

བཞུགས་སྒར་གྱི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བགྲོ་གླེང་ཐེངས་དང་པོ་ཚོགས་བཞིན་པ་རེད།

བོད་ཀྱི་ཆོས་བརྒྱུད་ཁག་གི་བགྲོ་གླེང་ཐེངས་དང་པོའི་སྐབས་ཀྱི་ཚོགས་ཞུགས་པ་རྣམས། ༢༠༡༥།༣།༢ tibet.net

བཞུགས་སྒར་གྱི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བགྲོ་གླེང་ཐེངས་དང་པོ་ཚོགས་བཞིན་པ་རེད།
དེ་ཡང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་བརྒྱུད་ཁག་གི་བགྲོ་གླེང་ཐེངས་དང་པོ་དེ་བཞུགས་སྒར་གྱི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་ཕྱི་ཚེས་༢ཉིན་དབུ་འཛུགས་གནང་ཡོད་པ་དང་། ཉིན་གསུམ་རིང་ཚོགས་གནང་རྒྱུའི་བགྲོ་གླེང་གི་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་པ་མཉམ་ཞུགས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཁག་འཆམ་མཐུན་ངང་གནས་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་དང་ཆོས་ལུགས་ཇི་ཡིན་ཚང་མར་ཕྱོགས་ལྷུང་མེད་པར་བྱམས་བརྩེའི་འདུ་ཤེས་འཛིན་དགོས་སྐོར་སོགས་གསུངས་ཡོད་འདུག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ནང་ནང་ཆོས་དར་ཁྱབ་འགྲོ་སྟངས་སྐོར་གྱི་ལོ་རྒྱུས་དང་། བོད་ཀྱི་ཆོས་རྒྱལ་དང་རྒྱ་གར་གྱི་ལོ་པཎ་ཚོས་ངལ་བ་འཁུར་ལེན་གྱིས་བོད་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་གང་སར་ནང་ཆོས་དར་སྤེལ་བཏང་གནང་བའི་སྐོར་གསུངས་འདུག དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སྐབས་འཛམ་གླིང་ནང་ནང་ཆོས་དྲི་མ་མེད་པ་དེ་བོད་ཀྱི་སྐད་ཡིག་ནང་མ་གཏོགས་སྲུང་སྐྱོབ་གནང་ཐུབ་མེད་སྟབས་བོད་མི་ཚོས་བོད་ཡིག་དང་བོད་ཀྱི་རྩ་ཆེའི་རིག་གཞུང་དེ་སྲུང་སྐྱོབ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་འདུག ད་ཐེངས་ཀྱི་བོད་ཀྱི་ཆོས་བརྒྱུད་ཁག་གི་བགྲོ་གླེང་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷན་ཚོགས་དེར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སྐུ་ཚབ་འཐུས་མི་དགེ་འདུན་པ་དང་བཙུན་མ་གྲངས་༡༢༧ལྷག་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ་ལྷུན་གྲུབ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས་ཞུ།

གསར་འགོད་པ་བློ་བྷེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org