རིས་མེད་ཆོས་བརྒྱུད་ཆེན་པོ་བཞིའི་བཙུན་མའི་བགྲོ་གླེང་ཐེངས་དང་པོ་སྐོང་ཚོགས་གནང་བ།
རྒྱ་གར་ནང་གི་བཙུན་དགོན་ཁག་དགུ་ནས་བཙུན་མ་གྲངས་བརྒྱད་ཅུ་ཙམ་འཛོམས་ཏེ། རྣམ་འགྲེལ་ལེའུ་དང་པོའི་ཐོག་བགྲོ་གླེང་།
-
2019-11-14 -
-
-
Your browser doesn’t support HTML5 audio
ལྡེ་ར་ལྡུན་གླིང་ཚང་གཞིས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དཔལ་ས་སྐྱའི་བཙུན་མའི་བཤད་གྲྭ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་དུ་རྒྱ་གར་ནང་གི་བཙུན་དགོན་ཁག་དགུ་ནས་བཙུན་མ་གྲངས་བརྒྱད་ཅུ་ཙམ་འཛོམས་ཏེ། རྣམ་འགྲེལ་ལེའུ་དང་པོའི་ཐོག་ཆོས་བརྒྱུད་ཁག་བཞིའི་ཐུན་མིན་འདོད་ཚུལ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་། བགྲོ་གླེང་དེ་ཡང་ མདོ་འཛིན་པས་སྟངས་འཛིན་འོག་དཔྱད་རྩོམ་སྒྲོག་སྦྱངས་དང་། དྲི་བ་དྲིས་ལན་སོགས་མདོར་ན་བགྲོ་གླེང་གི་ཆ་ཤས་ཡོངས་རྫོགས་བཙུན་མ་ཚོས་འགན་འཁུར་གྱི་ཡོད་ཅིང་། རིས་མེད་ཆོས་བརྒྱུད་ཁག་གི་སློབ་དཔོན་དང་རྩོད་དཔང་བཅས་ཀྱི་མདུན། དྲི་བ་དྲིས་ལན་གྱིས་དོགས་སེལ་དང་སྦྱངས་བཤད་ཀྱི་ལམ་ནས་གནང་ཡོད་པ་རེད།
བགྲོ་གླེང་བ་ཕལ་ཆེ་བས་ཐེངས་འདིའི་བགྲོ་གླེང་ཐོག་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་པའི་དམིགས་ཚད་བཟུང་ནས་བགྲོ་གླེང་ལ་ཕེབས་ཡོད་འདུག་ལ། བཙུན་མ་ཟླ་བ་ཆོས་མཚོ་ལགས་ནས་བགྲོ་གླེང་གི་གྲ་སྒྲིག་བྱེད་སྟངས་སོགས་གང་ལ་ལྟོས་ཀྱང་གྲུབ་འབྲས་དམིགས་བསལ་བ་ཞིག་ཐོབ་ས་རེད་ཅེས་ཡིད་ཆེས་ཆེན་པོ་ཞིག་གནང་གི་འདུག །
བཙུན་མ་རྣམས་ནས་ལག་འཁྱེར་མཐོ་དམན་གྱིས་གང་ཡང་མི་ཕན་པར་ནང་གི་ཤེས་ཚད་གཙོ་བོར་ཡིན་པས་ད་ལན་གྱི་བགྲོ་གླེང་འདི་འདྲ་གང་མང་མང་བྱེད་ཐུབ་ན་མ་མཐའ་ལ་ཡང་བསམ་བློ་གཏོང་ཕྱོགས་ཚུན་ལ་དམིགས་བསལ་དགེ་མཚན་ཆེན་པོ་ཡོད་རེད་ཅེས་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དགེ་བཤེས་མ་བསྟན་འཛིན་ལྷག་སྒྲོན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་བགྲོ་གླེང་འདི་དཔལ་ས་སྐྱའི་བཙུན་མའི་བཤད་གྲྭའི་བཙུན་མ་རྣམས་ཐེངས་དང་པོའི་བཀའ་བཅུ་པའི་ཕྱག་ཁྱེར་བཞེས་ཀྱི་ཡོད་པ་སོང་། དེའི་རྟེན་འབྲེལ་གྱི་ཆེད་དང་། ཆོས་བརྒྱུད་ཕན་ཚུན་དབར་འབྲེལ་འདྲིས་དང་། རྒྱུས་ལོན། ལྷག་པར་དུ་ནང་བསྟན་སྤྱི་དང་བཙུན་མའི་ཤེས་ཡོན་གོང་མཐོར་ཡོང་བར་དམིགས་ནས་ས་སྐྱའི་བཙུན་མའི་བཤད་གྲྭའི་ངོས་ནས་གོ་སྒྲིག་ཞུས་ཡོད་པ་དང་། ད་ལན་གྱི་བགྲོ་གླེང་འདི་ཟླ་བ་༡༡ཚེས་༡༣ནས་༡༥ཉིན་གསུམ་གྱི་རིང་གནང་གི་ཡོད་པ་དང་། བགྲོ་གླེང་འདི་ཡང་བཙན་བྱོལ་ནང་རིས་མེད་བཙུན་མའི་བགྲོ་གླེང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་པ་རེད་འདུག བགྲོ་གླེང་གི་མཛད་སྒོའི་ཐོག་དཔལ་༸ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་བཙུན་མའི་ལས་འཆར་གྱི་དབུ་འཛིན་དང་ངེས་སྟོན་པ་སོགས་གནད་ཡོད་མི་སྣ་མང་པོ་ཆེད་བཅར་གྱིས་བགྲོ་གླེང་འདིའི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད་འདུག།