དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་བརྡལ་གྱི་དཔལ་རྩེ་གྲོང་ཚོའི་ཤིང་ནགས་ནང་མེ་སྐྱོན་བྱུང་ཡོད་པ།

བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་བརྡལ་གྱི་དཔལ་རྩེ་གྲོང་ཚོའི་ཁུལ་གྱི་ཤིང་ནགས་སྟུག་པོའི་ནང་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གྱི་དགོང་དྲོར་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་།

བོད་ནང་གི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་རྒྱ་ནག་གིས་དབྱེས་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་སྡེ་ཟེར་བའི་དཔལ་རྩེ་གྲོང་ཚོའི་ཁུལ་གྱི་ཤིང་ནགས་སུ་མེ་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ བར་མེ་ཤུགས་ཆེན་པོ་འབར་ཡོད་པར་བརྟེན། རང་སྐྱོང་ཁུལ་དང་ཡ་ཅང་རྫོང་ནས་མེ་གསོད་རུ་ཁག་གི་ལས་བྱེད་མི་སྣ་ ༧༣༥ དང་། ལམ་བར་དུ་དྭང་བླངས་མེ་གསོད་རོགས་སྐྱོར་བ་མི་གྲངས་ ༤༢༧ དེ་བཞིན་ཐད་ཕུར་གནམ་གྲུ་ ༧ བཅས་བཏང་སྟེ་མེ་གསོད་མྱུར་སྐྱོབས་བྱེད་བཞིན་ཡོད་པ་རྒྱ་ནག་གི་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་འདུག་ཅིང་། ད་བར་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་ཡོད་མེད་དང་། མི་རྒྱུ་བཅས་པར་གནོད་འཚེ་ཅི་འདྲ་བྱུང་ཡོད་མེད་ཁ་གསལ་ཤེས་རྟོགས་བྱུང་མེད་ཀྱང་། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་ས་གནས་དེའི་མི་སྣ་དང་། དེ་བཞིན་བཙན་བྱོལ་ནང་གི་འབྲེལ་ཡོད་མི་སྣ་བཅས་ལ་འབྲེལ་བ་ཞུས་ཏེ་གནས་ཚུལ་རྩད་ཞིབ་ཞུ་བཞིན་ཡོད།

གནས་ཚུལ་ཤེས་རྟོགས་བྱུང་པར་གཞིགས་ན། དཔལ་རྩེ་གྲོང་ཚོའི་ཤིང་ནགས་སུ་མེ་ཤོར་བ་འདི་མེ་ཤུགས་ཆེན་པོ་འབར་ཡོད་ཅིང་། རླུང་བུའི་ཁ་ཕྱོགས་ཤར་ཕྱོགས་སུ་གཏད་ཡོད་པས། ཉེན་རྟོག་ལས་ཁུངས་ཀྱིས་དར་རྩེ་མདོའི་ཉེ་ཁུལ་གྱི་ཤིན་རྡུ་ཆའོ་འམ་བོད་སྐད་ལ་ལྕགས་ཟང་ཟམ་པ་ཞེས་པ་ནས་ལི་ཐང་བར་གྱི་གཞུང་ལམ་ཁག་ཅིག་གནས་སྐབས་རིང་ཉེན་སྐྱོབས་ཆེད་བཀག་བསྡོམས་བྱས་ཡོད་འདུག

དེ་སྔོན་ས་ཁུལ་དེར་མེ་སྐྱོན་བྱུང་བའི་འབྲེལ་ཡོད་གནས་ཚུལ།

༢༠༡༤ ཉག་ཆུ་རྫོང་ཉེ་འདབས་ཀྱི་རི་ལ་མེ་ཤོར་བ།

༢༠༢༣ ཉག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་འགྲོ་བཞིན་ཡོད་ཀྱང་ད་དུང་མེ་གསོད་ཐུབ་མེད་པ།

གསར་འགོད་པ། སྐལ་བཟང་སྒྲོལ་མ། དཔལ་འབར།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org